ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་འཆར་འདུག
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱ་ནག་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་རེད་འདུག
གནས་ཚུལ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས། བདུན་ཕྲག་རྗེས་མར་ལྷན་ཚོགས་ཚུགས་པའི་སྐབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་ལ་ཁ་གཏད་ཀྱི་གྲོས་གཞིར་གྲོས་མོལ་གནང་འཆར་ཡོད་པ་དང་། གྲོས་གཞིའི་ནང་། རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ་མང་དུ་གཏོང་རྒྱུ་དང་། དེ་བཞིན་ཐེ་ཝན་དང་ཨ་རི་བར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ། རྒྱ་ནག་གི་དམག་དོན་ལས་འགུལ་དང་བདག་དབང་རྩོད་ལེན་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་སྔར་ལས་ཟབ་ཏུ་གཏོང་རྒྱུ་སོགས་དོན་ཚན་ཁག་ཅིག་ཡོད་པ་རེད།
ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་(Bob Menendez)དང་། ཇེམ་རེ་ཆི་(Jim Risch)རྣམ་གཉིས་ཀྱིས་ཕྱི་ལོ་༢༠༢༡ལོའི་ཐབས་ཇུས་འགྲན་རྩོད་ཁྲིམས་ལུགས་ཟེར་བའི་གྲོས་གཞི་ཞིག་བཏོན་ནས། དེའི་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བགྲོ་གླེང་གནང་རྒྱུ་ཡིན་འདུག
སྐུ་ཞབས་(Bob Menendez)ལགས་ཀྱིས། གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་མཉམ་འབྲེལ་ངང་ཨ་རིའི་ཐབས་ཇུས་དང་དཔལ་འབྱོར་ཕྱི་འབྲེལ་གྱི་ཐབས་ལམ་ཡོངས་རྫོགས་སྐུལ་འདེད་བྱས་ནས། རྒྱ་ནག་གཞུང་གིས་ང་ཚོའི་རྒྱལ་ཁབ་ལ་དཔལ་འབྱོར་དང་བདེ་འཇགས་ཀྱི་ཉེན་ཚབས་བཟོ་བཞིན་པར་ཁ་གཏད་གདོང་ལེན་བྱ་རྒྱུ་ཡིན་པའི་སྐོར་གསུངས་འདུག
ད་དུང་ཨ་རིའི་གྲོས་ཚོགས་ནང་གྲོས་མོལ་གནང་རྒྱུའི་གོང་ཞུས་གྲོས་གཞི་དེའི་ནང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཚོ་བཙན་དབང་གིས་ངལ་རྩོལ་རྭ་བར་བཅུག་ནས་ངལ་རྩོལ་སྐུལ་གྱི་ཡོད་པའི་གནས་སྟངས་དང་། བཙན་དབང་གིས་བུད་མེད་ཚོའི་སྐྱེ་སྒོ་བཀག་པ། གཅར་རྡུང་མནར་གཅོད་གཏོང་བ་སོགས་ཀྱི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གྲོས་གཞི་ཡང་བཏོན་ཡོད་འདུག
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེ་མི་རིགས་སོགས་མི་གྲངས་ས་ཡ་གཅིག་ཙམ་སློབ་གསོ་བསྐྱར་མ་ཟེར་བའི་མིང་ཐོག་ནས་ངལ་རྩོལ་རྭ་བར་བཀག་ཉར་བྱེད་བཞིན་པར་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ནི་ཆེད་ལས་ལག་རྩལ་སྦྱོང་བརྡར་བྱེད་ས་ཡིན་ལུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐྱོན་བརྗོད་ལ་ཁས་ལེན་བྱེད་ཀྱི་མེད་པ་རེད།