ཨ་རིས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གྱི་སྤྱི་མོས་གྲོས་ཆོད་བཞག་པ།
2015.08.07
ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་༧གོང་ས་མཆོག་གི་གྱ་སྟོན་དང་འབྲེལ་བོད་དོན་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོས་སྤྱི་མོས་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུ་དང་། ལྷག་པར་དུ་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད་བོད་དོན་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་བཞག་གནང་ཡོད་པ་དང་། དེ་ནི་ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་༡༠ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བྱང་ཨ་རི་ཀའི་བོད་མིའི་སྤྱི་མཐུན་ཚོགས་པ་ཡོངས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་བའི་མང་ཚོགས་ཆིག་ཁྲི་བདུན་སྟོང་ལྷག་འདུ་འཛོམས་བྱུང་བའི་མཛད་སྒོ་ཆེན་པོ་དེའི་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་Obama མཆོག་གི་སྐུ་ཚབ་ཏུ་ལྕམ་Valerie Jarrettདང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་Nancy Polosiརྣམ་གཉིས་ཆེད་བཅར་ཞུས་ནས་ཉིན་གྲངས་འགའ་ཤས་ཕྱིན་པའི་རྗེས་ཏེ། ད་རེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་སྤྱི་མོས་ཀྱི་ཐོག་ནས་བོད་དང་བོད་མི་རིགས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་ཡོད་ཅིང་། གྲོས་ཆོད་དེ་ཡིས་ཨ་རིའི་གཞུང་ཕྱོགས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལས་འགུལ་ཐོག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་ཡར་རྒྱས་ཆེན་པོ་ཞིག་གི་མཚོན་དོན་ཡིན་པ་མ་ཟད། གྲོས་ཆོད་དེ་ནི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བོད་གཞུང་ཞེས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་སུ་མིང་བསྒྱུར་བྱས་པའི་དུས་སྐབས་དེ་དང་། ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་ཞེས་པའི་དུས་སྐབས་དེར་ཨ་རི་གྲོས་ཚོགས་ཀྱི་གཞུང་འབྲེལ་གྱི་གྲོས་ཆོད་ཐེངས་དང་པོ་ཡིན་དང་། ད་དུང་གྲོས་ཆོད་དེ་ནི་བོད་མིའི་དམངས་གཙོ་ལམ་ལུགས་དང་། བཙན་བྱོལ་ནང་དུ་དམངས་གཙོའི་ལམ་སྲོལ་གྱི་ཐོག་ནས་དབུ་ཁྲིད་འོས་འདེམས་བྱེད་པའི་དམངས་གཙོའི་འཕེལ་རིམ་དེར་རྒྱབ་སྐྱོར་གནང་བ་ཐེངས་དང་པོ་ཡང་ཡིན་པ་རེད།
གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་ནི་དུས་ཡུན་རིང་པོ་ནས་བོད་དོན་ཐོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Dianne Feinsteinམཆོག་གིས་འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༡༡ ཉིན་ཨ་རིའི་གྲོས་ཚོགས་སུ་གྲོས་འགོ་བཏོན་གནང་བ་ཞིག་ཡིན་པ་དང་། གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Eliot L. Engelམཆོག་གིས་ཕྱི་ཟླ་དྲུག་པའི་ཚེས་༢༤ ཉིན་གྲོས་ཚོགས་འོག་མའི་ནང་གྲོས་འགོ་བཏོན་གནང་སྟེ་། གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཆོད་དེ་གཉིས་ཕྱི་ཟླ་༧་པའི་ཚེས་༨ཉིན་སྤྱི་མོས་ཀྱིས་བཀའ་ཁྲོལ་ཐོབ་ཡོད་པ་རེད་།
ད་རེས་ཀྱི་གྲོས་ཚོགས་གོང་འོང་གཉིས་ཀྱི་གྲོས་ཆོད་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུའི་ཆེད་དུ་དང་། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཚེའི་རིང་ལ་འཚེ་མེད་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་ཕན་ཚུན་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོ་དར་འཕེལ་སོགས་ལ་སྐུ་ལས་བསྐྱོན་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བའི་ཆེད་དུ་བཞག་གནང་བ་ཞིག་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།