ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དྲུག་གིས་བཞུགས་སྒར་དུ་འཚམས་གཟིགས།
2019.08.02
ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་སོང་།
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ ཌེ་ཝིཌ་པརཡིསྀ་(David Price)་དང་། ཚོགས་གཞོན་ཝརཱན་སྦུཁྷ་ནཱན་(Vern Buchanan)་ལགས་རྣམ་གཉིས་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ཟླ་འདིའི་སྤྱི་ཚེས་༢ ཉིནགྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནེལ་སྒྲོན་(Neal Dunn)་ལགས་ཀྱིས། ང་ཚོ་འདིར་ཡོང་དགོས་པའི་རྒྱུ་མཚན་ནི་བོད་པ་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་གང་ཞུ་ཐུབ་མིན་སོགས་ཀྱི་ཆེད་དུ་ཡོང་བ་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་དང་འབྲེལ། ཨ་མི་རི་ཀའི་མི་མང་ནས་བོད་མི་ཚོར་དགའ་ཞེན་ཆེན་པོ་ཡོད་པ་ཁོང་གིས་བརྗོད་སོང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཚེ་རྒྱལ་ལགས་དང་། ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་གཙོས་པའི་ཕྱི་དྲིལ་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་པ་དང་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་བཅས་ནས་འཚམས་འདྲི་དང་ཕེབས་བསུར་བཅར་ཡོད་ཅིང་། སྐབས་དེར་དྭགས་པོ་བསོད་ནམས་བུ་ལགས་ཀྱིས་ཐེངས་འདིར་གྲོས་ཚོགས་འཐུས་མི་དྲུག་གཙོས་པའི་ཁོང་རྣམས་ཀྱི་སྐུ་ཟླ་དང་ལས་བྱེད་སོགས་ཚུད་པའི་ཁྱོན་མི་གྲངས་༣༢ ཙམ་དངོས་སུ་ཕེབས་འབྱོར་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གྲོས་ཚོགས་འཐུས་མི་རྣམས་གནམ་ཐང་ནས་ཐད་ཀར་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་འཚམས་གཟིགས་གནང་བའི་རྗེས། རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་གནས་བཞུགས་གནང་རྒྱུ་ཡིན་ཞིང་། སྤྱི་ཚེས་༠༣ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཏུ་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་འདུག་ཅིང་། དེ་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་དང་། ཉིན་འདིའི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་དང་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་འདུག