ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ལྷན་ཚོགས་ནས་བོད་དོན་རྒྱབ་སྐྱོར།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Patrick Leahy ཡིས་གྲོས་ཚོགས་གོང་མའི་སྔོན་རྩིས་ལྷན་ཚོགས་སུ་ཉེ་ཆར་ལྷན་ཚོགས་དེས་ཨ་རིའི་ཕྱི་སྲིད་ལས་ཁང་གི་སྔོན་རྩིས་ཁྲིམས་གཞི་སྙན་ཐོ་བཏོན་པའི་སྐབས། དེའི་ནང་བོད་ཀྱི་གནད་དོན་དེ་གལ་འགངས་ཆེན་པོ་ཡིན་པ་གསལ་བཤད་བྱས་ཡོད་པ་དང་། ལྷན་ཚོགས་དེས་བཏོན་པའི་སྙན་ཐོ་དེ་བཞིན་ཨ་རི་གཞུང་གིས་སྔོན་རྩིས་ཀྱི་ལམ་སྟོན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ཕྱི་སྲིད་ལས་ཁུངས་ཀྱི་ལས་དོན་སྤེལ་ཕྱོགས་ལ་ཡང་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། སྙན་ཐོ་དེའི་ནང་བོད་ཀྱི་གནད་དོན་སྐོར་དང་དེ་མིན་གྱི་གནད་དོན་ཁག་བཏོན་ཡོད་པའི་ནང་། ཁྲིམས་གཞི་དེ་བརྒྱུད་ནས་སྔོན་རྩིས་ཐོབ་པའི་རྗེས་ཕྱི་སྲིད་ལས་ཁང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་གང་ཉིད་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བོད་ཀྱི་དཀའ་གནད་སེལ་ཐབས་སུ་གྲོས་མཐུན་མ་བྱུང་བར་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་། དེ་མིན་གྱི་བོད་མི་གནས་སྡོད་བོད་ཀྱི་ས་ཁུལ་ཁག་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་སྡེ་དང་རྫོང་སོགས་ཀྱི་ཁོངས་གཏོགས་ཡིན་ལུགས་ཀྱི་ལས་དོན་དང་། ཡིག་ཆ། ས་ཁྲ་སོགས་གང་འདྲ་ཞིག་ཡིན་ཡང་བེད་སྤྱོད་བྱ་མི་ཆོག་པའི་སྐོར་བཀོད་ཡོད་འདུག ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ལྷན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་དེས་གྲོས་ཚོགས་ཀྱི་སྔོན་རྩིས་ལས་འཆར་ལྷན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁང་གིས་སྔོན་རྩིས་མ་དངུལ་བེད་སྤྱོད་ལམ་སྟོན་གནང་ཡོད་ཅིང་། སྔོན་རྩིས་ལྷན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁང་གིས་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་ཆུང་གི་སྙན་ཐོའི་ལམ་སྟོན་བཞིན་མ་དངུལ་བེད་སྤྱོད་བྱ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད། གོང་ཞུས་སྙན་ཐོ་དེའི་ཐོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གིས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ཞིག་མཚོན་ཐུབ་ཡོད་པ་དང་། གྲོས་ཚོགས་གོང་མའི་སྔོན་རྩིས་ཚོགས་ཆུང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་ལ་ཡང་། གལ་སྲིད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཁྲིམས་མཐུན་གྱི་གནས་བབ་ཤིག་བསྐྲུན་དགོས་ཚེ། ངེས་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་གང་ཉིད་ཀྱི་སྐུ་ཚབ་དབར་གྲོས་མོལ་བྱ་རྒྱུ་དེ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པ་བཀོད་ཡོད་འདུག །
གསར་འགོད་པ། འཆེ་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།