ཐའེ་ལནཌི་གཞུང་གིས་ཡུ་གུར་བ་ ༤༠ ལྷག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་འདུག

* གནས་ཚུལ་ཁ་སྣོན། ༢༠༢༥།༢།༢༨
ལོ་ངོ་ ༡༠ ལྷག་རིང་ཐཡེ་ལནཌི་གཞུང་གིས་བཀག་ཉར་བྱས་པའི་ཡུ་གུར་མི་རིགས་རྣམས་རྒྱ་ནག་ལ་ཕྱིར་ལོག་བཏང་བའི་གནས་ཚུལ་ཐོན་པའི་རྗེས། ཐཡེ་ལནཌི་གཞུང་གིས་ཁྲིམས་འགལ་ཅན་རྒྱ་མི་ ༤༠ ཕྱི་ཟླ་ ༢ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ལ་ཕྱིར་སློག་བཏང་བའི་སྐོར་བཤད་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་ཡོད་ཅིང་། མི་འབོར་མང་ཤོས་ཁ་ཆེ་ཡིན་པའི་རྒྱ་ནག་གི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐྱེས་པ་དེ་དག་ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱ་ནག་གཞུང་གི་གཉའ་གནོན་ལས་མཐར་ཐབས་བྱས་ཏེ་ཐཡེ་ལནཌི་བརྒྱུད་ནས་བྲོས་བྲོལ་དུ་བསྐྱོད་ཐབས་བྱས་ཀྱང་ཐཡེ་ལནཌི་གཞུང་གིས་ཡུལ་དེ་ནས་ཕྱིར་ཐོན་མ་བཅུག་པར་བཀག་ཉར་ཁང་དུ་དོ་དམ་བྱས་པ་ཞིག་ཡིན་པ་ཐའེ་ལེནཌི་གཞུང་གིས་བརྗོད་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་དང་པོའི་འགོ་སྟོད་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། ཐེ་ལན་ཌིའི་ནང་གི་བཀག་ཉར་ཁང་དུ་དོ་དམ་བྱས་པའི་ཡུ་གུར་བ་སྐྱེས་པ་རྣམས་ཐཡེ་ལནཌི་གཞུང་གིས་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་སྟངས་ལ་སེམས་ཁྲལ་ཡོད་པའི་གནས་ཚུལ་བཏོན་ཡོད་ཀྱང་ཐཡེ་ལནཌི་གཞུང་གིས། གནས་ཚུལ་དེ་ཚོ་བདེན་པ་མིན་པ་དང་ཡུ་གུར་བ་དེ་དག་ཕྱིར་ལོག་གཏོང་རྒྱུའི་འཆར་གཞི་མེད་པའི་སྐོར་བརྗོད་ཡོད་པ་རེད།
ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་སྦི་ཡོ་ (Marco Rubio) ཡིས། ད་རེས་ཐེ་ལན་ཌའི་གཞུང་གིས་ཡུ་གུར་བ་ ༤༠ ལྷག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཁོང་ཚོ་ནི་རྒྱ་ནག་གི་དྲག་མནོན་དང་བཀག་སྐྱིལ་འོག་ནས་ཐར་ཐབས་སུ་ཕྱི་ལ་ཡོང་བ་ཡིན་པས། ཐཡེ་ལནཌི་ཡི་བྱེད་སྟངས་དེ་ནི་རྒྱལ་སྤྱིའི་གྲོས་མཐུན་ལ་འགལ་འཛོལ་བྱུང་བ་དང་། ཐཡེ་ལནཌི་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཁས་ལེན་ལ་འགལ་འཛོལ་བྱུང་བ་ཡིན་པས། ཕྱིར་སློག་བྱས་པའི་ཡུ་གུར་བ་དེ་དག་ལ་རྒྱ་ནག་གི་ཁྲིམས་ཆད་དང་གཅར་རྡུང་ཕོག་ངེས་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐཡེ་ལནཌི་ལ་སྐྱོན་བརྗོད་ཕོག་ངེས་ཡིན་པ་བརྗོད་འདུག
དེ་བཞིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ (Amnesty International) སྤྱི་ཚེས་༢༧་ཉིན་ཐེ་ལན་ཌའི་བྱེད་སྟངས་དེ་བསམ་ཡུལ་ལས་འདས་པའི་གདུག་རྩུབ་ཅན་ཞིག་ཡིན་པའི་བསྒྲགས་གཏམ་སྤེལ་བའི་ནང་། ཚོགས་པ་དེའི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་ (Sarah Brook) ལགས་ཀྱིས་ཡུ་གུར་བ་དེ་ཚོ་དང་ཡང་ན་ཡུ་གུར་མི་སུ་ཞིག་བཙན་བཤེད་ཀྱི་ཐོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ཁོང་ཚོའི་གནས་སྟངས་ཉེན་ཁ་ཅན་ཆགས་ཡོད་པ་དང་། ང་ཚོས་ཐེ་ལན་ཌའི་གཞུང་ལ་ཁོ་ཚོའི་གནས་སྟངས་གསལ་བཤད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
ད་དུང་ཡུ་གུར་བ་དེ་ཚོ་གནས་སྟངས་སྡུག་པོ་ཞིག་གི་འོག་རྒྱ་ནག་གི་དྲག་གནོན་ནས་ཉེན་ཡོལ་བྲོས་བྱོལ་བྱས་ནའང་ཐེ་ལན་ཌའི་ནང་ཅི་བྱ་རང་དབང་མེད་པའི་སྒོ་ནས་ལོ་བཅུ་ཙམ་བཀག་ཉར་གྱི་དཀའ་སྡུག་མྱངས་ཡོད་པ་དང་། རྒྱ་ནག་གཞུང་གིས་དོན་དངོས་བཙན་ཤེད་ཀྱི་སྒོ་ནས་ཤིན་ཅང་ནང་གི་ཡུ་གུར་དང་རྒྱ་ཧན་མི་རིགས་མིན་པའི་གྲངས་ཉུང་མི་རིགས་ཚོར་སྡུག་སྤྱོང་མནར་གཅོད་དང་། རང་སྣང་གང་དྲན་གྱིས་འཇུ་བཟུང་དང་། གར་སོང་ཆ་མེད་བཟོས་བ་སོགས་བསམ་ཡས་ལས་འདས་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པའི་གནས་སྟངས་འོག་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་དེ་ཚོ་སྲུང་སྐྱོང་བྱེད་དགོས་ཡོད་ཀྱང་། དེའི་ཚབ་ཏུ་ཁོང་ཚོ་ཉེན་ཁ་ཚབས་ཆེན་ནང་བསྐྱལ་ཡོད། ད་བར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བས་རྒྱལ་སྤྱི་དང་ནང་ཁུལ་དུ་ངོས་འཛིན་བྱས་པའི་ཕྱིར་ལོག་མི་བྱེད་པའི་ཁྲིམས་ལུགས་ལ་འགལ་འཛོལ་མི་བྱེད་པའི་འབོད་སྐུལ་ཞུ་བཞིན་ཡོད་པར་སྣང་མེད་བྱས་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག
འོན་ཀྱང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ་གསར་འགོད་པས་ཐཡེ་ལནཌི་གཞུང་གིས་ཡུ་གུར་བ་མི་གྲངས་ ༤༨ རྒྱ་ནག་ཏུ་ཕྱིར་ལོག་བཏང་བའི་གནས་ཚུལ་སྐོར་དྲིས་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅིའན་ (Lin Jian) གྱིས་རྒྱ་ནག་གི་མི་སེར་ ༤༠ ཐའེ་ལེནཌི་ཡི་ནང་ཁྲིམས་འགལ་གྱིས་འཛུལ་ཞུགས་བྱས་པ་རྣམས་ཕྱིར་རང་ཡུལ་ལ་ལོག་ཡོད་ཟེར་བཤད་འདུག ད་དུང་ཕྱིར་སློག་བཏང་པ་དེ་ནི་རྒྱ་ནག་དང་། ཐཡེ་ལནཌི། རྒྱལ་སྤྱིའི་ཁྲིམས་ལུགས། རྒྱལ་སྤྱིའི་རྒྱུན་ལྡན་གྱི་ལག་ལེན་བཅས་དང་མཐུན་པའི་ཐོག་ནས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་གཉིས་པོས་ཁྲིམས་འགལ་གྱི་གནས་སྤོ་དང་ས་མཚམས་བརྒལ་བའི་ཁྲིམས་འགལ་ཅན་ལ་ཁ་གཏད་གདོང་ལེན་བྱེད་པའི་གོམ་སྟབས་ཤིག་ཡིན་ཞིང་། འབྲེལ་ཡོད་འགྲོ་བ་མིའི་བདེ་རྩའི་ཐོབ་ཐང་ལ་ཆ་ཚང་སྲུང་སྐྱོབ་བྱས་ཡོད་ལུགས་བཤད་ཡོད་པ་མ་ཟད། ཕྱིར་ཕུད་བཏང་བ་དེ་ཚོ་ཡུ་གུར་བ་ཡིན་མིན་གསལ་བཤད་བྱས་མེད་ཀྱང་རྒྱ་ནག་གི་བརྒྱུད་ལམ་ཁག་གིས་ཁོང་ཚོ་ཁྲིམས་འགལ་ཅན་གྱི་ཚོགས་པས་བསླུ་བྲིད་བྱས་ནས་ཐའེ་ལནཌིའི་ནང་དུ་ལུས་པ་ཡིན་ལུགས་བརྗོད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།