རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཆེད་དུ་གྲོས་མོལ་གྱི་མཐུན་རྐྱེན་བསྐྲུན་དགོས་ཅེས་ཨ་རིའི་གཞུང་གིས་འབོད་སྐུལ་གནང་འདུག

2023.10.14
རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཆེད་དུ་གྲོས་མོལ་གྱི་མཐུན་རྐྱེན་བསྐྲུན་དགོས་ཅེས་ཨ་རིའི་གཞུང་གིས་འབོད་སྐུལ་གནང་འདུག ཨ་རི་ཕྱི་སྲིད་ལྷན་ཁང་།
AFP

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཚེས་༡༣ ཉིན་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་གསར་པ་ཞིག་གི་ནང་དུ། གྲོས་མོལ་བརྒྱུད་ནས་བོད་དང་རྒྱ་ནག་བར་གྱི་དཀའ་ངལ་གསེལ་ཐབས་བྱེད་རྒྱུ་ནི་ས་ཁུལ་གྱི་རྒྱུན་རིང་གཏན་ལྷིང་ལ་འགན་སྲུང་ཐུབ་པའི་ཐབས་ལམ་དེ་ཡིན་པས། དེ་ལྟར་རྒྱུན་མཐུད་ཀྱི་གྲོས་མཐུན་འཇོག་ཐུབ་རྒྱུར་རྒྱ་ནག་གཞུང་གིས་མཐུན་རྐྱེན་བསྐྲུན་དགོས་ཅེས་ཨ་རིའི་གཞུང་གི་སྙན་ཐོའི་ནང་འབོད་སྐུལ་གནང་འདུག
གོང་ཞུས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་བོད་དོན་གྲོས་མོལ་སྐོར་གྱི་ལོ་འཁོར་སྙན་ཐོ་དེའི་ནང་། ཨ་རིའི་གཞུང་གིས་ངོས་ནས་བོད་རྒྱའི་གནད་དོན་གསེལ་རྒྱུར་གྲོས་མོལ་བརྒྱུད་ནས་གྲོས་མཐུན་འཇོག་ཐུབ་པ་ཡིན་ན། བོད་མི་རྣམས་ལ་དོན་ཕན་ལྡན་པའི་རང་སྐྱོང་ཀྱི་གནས་བབ་ཐོབ་ནས། བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་།སྐད་ཡིག་སོགས་རང་དབང་ལྡན་པའི་ཐོག་ནས་སྲུང་སྐྱོབ་ཐུབ་པས་མ་ཟད། ས་ཁུལ་གྱི་རྒྱུན་རིང་གཏན་ལྷིང་སྲུང་སྐྱོབ་བཅས་ལ་རེ་བ་ཆེས་བཟང་ཤོས་བསྐྲུན་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་གནང་གི་ཡོད་པ་བཀོད་འདུག
གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཟའ་འཁོར་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཁྲོན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་ཀྱི་ཡོད་པ་ལྟར། གོང་ཞུས་སྙན་ཐོ་དེ་འགྲེམ་སྤེལ་སྐབས་ཁོང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་དང་། གྲོས་ཚོགས་འཐུས་མི། གསར་འགོད་པ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གོང་ཞུས་ཨ་རིའི་གཞུང་གི་སྙན་ཐོ་འདིས་བོད་རྒྱའི་དཀའ་ངལ་གསེལ་རྒྱུར་ཕན་ཐོག་ཆེན་པོ་ཡོང་ངེས་ཡིན་པ་བརྗོད་འདུག
སྙན་ཐོ་དེ་ཨ་རིའི་༢༠༠༢ལོའི་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་གཞི་བཟུང་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་གྲོས་ཚོགས་ལ་འབུལ་དགོས་པ་ཞིག་དང་དེའི་ནང་༢༠༡༠ ནས་བཟུང་རྒྱ་ནག་གིས་བོད་ཀྱི་སྐུ་ཚབ་ལྷན་གྲོས་་མོལ་སླར་གསོ་བྱེད་མེད་པ་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་ཨ་ྲརིའི་སྲིད་འཛིན་ཇོ་བྟ་ཏྲི་དང་ཕྱི་སྲིད་དྲུང་ཆེ་རྣམ་པས་བོད་རྒྱ་་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གི་ཆེ་མཐོའི་དཔོན་རིགས་དབར་གླེང་མོལ་ཇི་ལྟར་བྱས་མེད་ཀྱང་འཁོད་ཡོད་འདུག།


གསར་འགོད་པ།  བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎