རྒྱ་ནག་ནི་ཨ་མི་རི་ཀའི་འགྲན་ཟླ་གཙོ་བོ་དེ་ཡིན་པས། ཨ་རྒྱའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ཉམས་ཞིབ་པ་ཚོས་ཚོད་དཔག་གནང་གི་འདུག
ཨ་མི་རི་ཀའི་སྲིད་འཛིན་ཊམཔ་ (Donld Trump) མཆོག་གིས་དམ་འབུལ་མ་བྱས་ཀྱི་སྔོན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་རྣམ་པ་གཉིས་ནས་ཁ་པར་གྱི་བརྒྱུད་བཀའ་མོལ་གནང་སྟེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་བཟང་ཕྱོགས་ནས་འགོ་འཛུགས་གནང་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད་པ་དང་མཚུངས། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ནས་ཀྱང་ཁ་པར་བརྒྱུད་བཀའ་མོལ་གནང་བ་དེ་ཧ་ཅང་ཡག་པོ་བྱུང་ཞེས་གསུངས་ཡོད་ནའང་། སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ནས་རྒྱ་ནག་གི་ཅ་ལག་ནང་འདྲེན་ཐོག་སྒོ་ཁྲལ་ཤུགས་ཆེ་རྒྱག་རྒྱུ་ཡིན་པ་ཐེངས་མང་གསུངས་ཡོད་པའི་ཁར། ཟླ་ ༡ ཚེས་ ༢༠ ཉིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་གི་དམ་འབུལ་མཛད་སྒོའི་སྟེང་། པཱ་ནཱ་མཱ་རྒྱལ་ཁབ་ཀྱི་མཚོ་འགྲུལ་ཡུར་བ་དེ་ཨ་མི་རི་ཀས་དཀའ་ལས་སྣ་མང་བརྒྱབ་སྟེ་བསྐྲུན་བཞག་པ་ཡིན་མོད། ད་ཆ་རྒྱ་ནག་གིས་དོ་དམ་སྟངས་འཛིན་འོག་ཚུད་པ་དེ་རང་གར་འཇོག་ཐབས་མེད་ལུགས་སོགས་ཤུགས་ཆེར་གསུངས་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྟོག་དཔྱོད་དང་ཞིབ་འཇུག་ཐེབས་རྩའི་འགན་འཛིན་གཞོན་པ་ (HARSH V PANT)ལགས་ནས་ཨ་རིའི་སྲིད་གཞུང་གསར་པ་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་གསུངས་དོན་ལ། རྒྱ་ནག་ནི་ཨ་མི་རི་ཀའི་འགྲན་ཟླ་ཉེན་འགན་ཆེ་ཤོས་ལ་གཟིགས་ཀྱི་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་དཀའ་ཉེན་ཡོང་སྲིད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། དེ་ཡང་ཁོང་གིས། སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ནས་རྒྱ་ནག་ཐོག་སྲིད་ཇུས་ཅི་ཞིག་འཛིན་མིན་མཐའ་གཅིག་ཏུ་བཤད་ཚོད་ཐིག་ཁག་པོ་ཡིན་ནའང་། ཁོང་གི་ལས་ཡུན་སྔ་མའི་སྐབས་ལ་ཕྱིར་བལྟས་དང་ད་ལན་གྱི་འཛིན་སྐྱོང་ནང་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་སྦེའོ་སོགས་ཀྱིས་མཚོན། རྒྱ་ནག་སྟེང་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་གྱི་མཐོ་རིམ་དཔོན་རིགས་བདམས་སྟངས་ལ་བལྟས་ན། རྒྱ་ནག་ནི་ཌོ་ནལཌི་ཊམཔ་འཛིན་སྐྱོང་གིས་འགྲན་ཡ་གལ་ཆེ་ཤོས་སུ་གཟིགས་ཀྱི་ཡོད་པས། ཨ་མི་རི་ཀས་རྒྱ་ནག་ལ་མུ་མཐུད་འབྲེལ་ལམ་ཡོ་འཁྱོམ་དཀའ་ཉེན་ཅན་ཞིག་འཛིན་དགོས་ཐུག་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག དེ་བཞིན་ཐེ་ཝན་གྱི་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་ (SANA HASHMI) ལགས་ནས། ཨ་མི་རི་ཀས་རྒྱ་ནག་ཐོག་ངེས་གཏན་མེད་པའི་སྲིད་ཇུས་འདྲ་མིན་ཞིག་འཛིན་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་དོན་ལ། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་ཡི་ལས་ཁུར་གསར་པའི་ནང་རྒྱ་ནག་གི་ཐོག་ངེས་གཏན་མེད་པའི་སྲིད་ཇུས་སྣ་ཚོགས་ཤིག་ཡོང་ངེས་པ་རེད། འོན་ཀྱང་ང་ཚོས་ཚོད་དཔག་མ་བྱས་པའི་སྔོན་སེམས་ལ་ངེས་དགོས་པ་ཞིག་ནི། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གིས་རྒྱལ་ཁབ་མང་པོའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པར་བརྟེན། རྒྱ་ནག་ལ་གདོང་ལེན་ཆེད་ཨ་མི་རི་ཀ་དང་རྒྱ་གར། ཉི་ཧོང་དང་ཨའོསི་ཊརེ་ལི་ཡ་བཅས་མཉམ་རུབ་ཀྱི་ (Quad) ལྷན་ཚོགས་ནས་བསྐྱར་དུ་ཤུགས་ཆེར་མཉམ་འབྲེལ་ལས་དོན་གནང་ཡོང་གི་ཡོད་པ་རེད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག
པར་རིས་སྒྲིག་བཟོ་བ། ནོར་སྒྲོན།
ཡོ་རོབ་ནང་རྟེན་གཞི་བྱས་པའི་(Stockholm Center for South Asian and Indo-Pacific Affairs)བསྟི་གནས་ཁང་གི་ལྷོ་ཨེ་ཤེ་ཡ་དང་རྒྱ་གར། ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་གནས་ཚུལ་ལྟེ་གནས་ཁང་གི་འགན་འཛིན་(Jagannath Panday) ལགས་ནས་ཀྱང་། སྲིད་འཛིན་ཌོ་ནལཌི་ཊམཔ་ཡིས་ཨ་མི་རི་ཀ་དང་པོར་འཛིན་པའི་སྲིད་བྱུས་ཀྱིས། རྒྱ་ནག་ལ་ཕྱོགས་མང་པོ་ནས་འགྲན་འཛུགས་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁོང་གིས། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཐད་ཨ་མི་རི་ཀ་དང་པོར་འཛིན་པའི་སྲིད་ཇུས་ཀྱིས་རྒྱ་ནག་ལ་འགྲན་འཛུགས་དང་འབྲེལ་ལམ་ཐད་དོ་ཕོག་ཡོང་ངེས་རེད། ཡིན་ནའང་སྲིད་འཛིན་ཌོ་ནལཌི་ཊམཔ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ནས་རྒྱ་ནག་ལ་ཚིག་ངན་མང་པོ་ཞིག་བཤད་མཚམས་བཞག་ཡོད་པས། ཁོང་གིས་རྒྱ་ནག་ལ་འབྲེལ་ལམ་བསྐྱར་འཛུགས་དང་དགོངས་པ་ཆེ་བཞེས་ཀྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་སུ་གཏོང་འདུན་ཡོད་པའི་རྣམ་འགྱུར་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་ཡི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་(Han Zheng) ཆེད་དུ་བཏང་སྟེ། ཨ་མི་རི་ཀའི་དཔོན་རིགས་དང་ཚོང་པ་སོགས་ལ་ཐུད་འཕྲད་ཀྱིས། རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་མཉམ་རུབ་ཀྱིས་བརྟན་བརླིང་དང་བདེ་འཇགས་ཀྱི་འབྲེལ་ལམ་རྒྱུན་སྐྱོང་བྱ་འདུན་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
པར་རིས་སྒྲིག་བཟོ་བ། ནོར་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།