བཟི་སྨན་གཏོང་ཕྱོགས་ཀྱི་གནད་དོན་ཐོག་རྒྱ་ནག་གི་ལན་འདེབས།
ཨ་རིའི་འདེམས་ཐོན་སྲིད་འཛིན་ Donald Trump ཡིས་སྲིད་འཛིན་ལས་ཁུར་གྱི་ཉིན་དང་པོར་རྒྱ་ནག་ནས་ཨ་རིར་གཏོང་བཞིན་པའི་ཐོན་རྫས་ཡོངས་ལ་སྒོ་ཁྲལ་བརྒྱ་ཆ་༡༠ འཕར་མ་འགེལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དེས་རྒྱ་ནག་ལ་སེམས་ཚབས་བསླངས་ཡོད་པ་རེད། ཨ་རིའི་འདེམས་ཐོན་སྲིད་འཛིན་ Donald Trump ཡིས་སྨན་རྫས་དང་། ལྷག་པར་དུ་ Fentanyl ཞེས་པའི་བཟི་སྨན་ཁྲིམས་འགལ་ཀྱིས་རྒྱ་ནག་ནས་ང་ཚོའི་རྒྱལ་ཁབ་ནང་བཙན་འཛུལ་བྱེད་བཞིན་པ་དེ་མཚམས་འཇོག་མ་བྱས་བར་དུ་སྒོ་ཁྲལ་འདི་མུ་མཐུད་གནས་རྒྱུ་ཡིན། ཞེས་Trump ཁོང་གི་སྤྱི་ཚོགས་དྲ་རྒྱའི་བཀོད་ཡོད་པ་རེད།
ཕྱི་ཚེས་ ༢༦ ཉིན་གསར་འགོད་པ་ཞིག་གིས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་དྲི་བ་གནང་བའི་ནང་། ཨ་མི་རི་ཀའི་འདམས་ཐོན་སྲིད་འཛིན་ Donald Trump ཡིས་རྒྱ་ནག་དང་མཉམ་དུ་གཟི་སྨན་སྐོར་དང་ལྷག་པར་དུ་ Fentanyl ཞེས་པའི་གཟི་སྨན་དེ་ཨ་མི་རི་ཀའི་ནང་གཏོང་རྒྱུར་བཀག་འགོག་ཆེད་ལན་མང་རིང་གྲོས་མོལ་གནང་ཡང་གྲུབ་འབྲས་གང་ཡང་མ་ཐོན་པར་བརྟེན། རྒྱ་ནག་ནས་ཕྱི་ཚོང་བྱས་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་བརྒྱ་ཆ་བཅུ་འཕར་མ་འགེལ་རྒྱུའི་སྐོར་བཀའ་མོལ་གནང་བ་དེར་ལན་ཇི་ཡོད་སྐོར་དྲི་བ་གནང་སྐབས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ལན་འདེབས་གནང་དོན། རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཁོངས་ནས་གཟི་སྨན་ཐོག་དམ་དྲག་ཤུགས་ཆེའི་སྲིད་བྱུས་དང་ལག་ལེན་བསྟར་མཁན་གྱི་རྒྱལ་ཁབ་ཞིག་ཆགས་ཡོད། Fentanyl ཞེས་པའི་གཟི་སྨན་དེ་ཨ་མི་རི་ཀའི་དཀའ་ངལ་ཞིག་རེད། མི་ཆོས་རིང་ལུགས་ཀྱི་ངོ་བོ་ཐོག་ནས་ཐོག་རྒྱ་ནག་གིས་ཨ་རིའ་ནང་གི་དཀའ་ངལ་འདིམསེལ་རྒྱུར་རྒྱབ་སྐྱོར་གནང་ཡོད། རྒྱ་ནག་གིས་གཟི་སྨན་བཀག་འགོག་ཐོག་གཞི་རྒྱ་ཆེ་ལ་གཏིང་ཟབ་པའི་མཉམ་འབྲེལ་གྱི་ལས་དོན་སྤེལ་བ་དེ་གྲུབ་འབྲས་ཧ་ཅང་གི་ཆེན་པོ་ཐོན་ཡོད། དོན་དངོས་ཀྱི་གནས་ཚུལ་འདི་ང་ཚོ་ཚང་མས་གསལ་པོར་གཟིགས་ཐུབ། རྒྱ་ནག་གཟི་སྨན་བཀག་འགོག་ཐོག་འདྲ་མཉམ་དང་གཉིས་ཕན། ཕན་ཚུན་དབར་གུས་བཀུར་ཡོད་པའི་ངང་མཉམ་ལས་མུ་མཐུད་གནང་རྒྱུའི་གྲ་སྒྲིག་ཡོད།
བཟི་སྨན་བཀག་འགོག་མཉམ་ལས་ཀྱི་ལས་དོན་ཡག་པོ་གནང་ཕྱོགས་དེ་མུ་མཐུད་ནས་གནས་ཐབས་གནང་དགོས་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀའི་ནང་ Fentanyl ཞེས་པའི་བཟི་སྨན་གཏོང་ཕྱོགས་ཀྱི་གནད་དོན་ཐོག་ལན་འདེབས་གནང་ཡོད་པ་རེད་འདུག།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།