ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ནིའུ་ཡོག་ནས་གསང་བའི་ཉེན་རྟོག་ཁང་བཙུགས་པ་དང་འབྲེལ་ནས་རྒྱ་མི་གཉིས་འཛིན་བཟུང་བྱས་འདུག

2023.04.18
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ནིའུ་ཡོག་ནས་གསང་བའི་ཉེན་རྟོག་ཁང་བཙུགས་པ་དང་འབྲེལ་ནས་རྒྱ་མི་གཉིས་འཛིན་བཟུང་བྱས་འདུག འཛིན་བཟུང་བྱས་བའི་རྒྱ་མི་གཉིས་ཁྲིམས་རྭར་ཡོད་པའི་སྐྱ་ཐིག་རི་མོ།
REUTERS

དེ་ཡང་རོཡེ་ཊར་གསར་ལས་ཁང་གིས་ཟླ་༤པའི་ཚེས་༡༧ཉིིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་བྷི་རོ་ཁི་ལིན་ཆེས་མཐོ་དབུས་ཁྲིམས་ཞིབ་པ་ཆེན་མོས་ཚེས་༡༧ ཉིན་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། རྒྱ་མི་གཉིས་ཀྱིས་ནིའུ་ཡོག་གི་མན་ཧ་ཊོན་རྒྱ་ནག་པའི་གྲོང་ཚོའི་ཉེ་འཁྲིས་སུ། གསང་བའི་ངང་བཙུགས་པའི་རྒྱ་ནག་གི་ཉེན་རྟོག་པའི་ལས་ཁུངས་དང་འབྲེལ་ནས་འཛིན་བཟུང་བྱས་པ་དང་། རྒྱ་མི་དེ་གཉིས་ནི་ནིའུ་ཡོག་ཁྲང་ལིག་ཚོགས་པའི་ཚོགས་གཙོ་ཟུར་པ་ལུ་ཇན་ཝང་(Lu Jianwang)་དང་དྲུང་ཡིག་ཁྲིན་ཅིན་ཕིང་(Chen Jinping)་གཉིས་ཡིན་འདུག
དེའི་ཐད་ཟླ་༤པའི་ཚེས་༡༨ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་ཟེར་བས་འཆར་ཅན་གསར་འགོད་གསལ་བསྒྲགས་ཐོག རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ལག་ལེན་དུ་བསྟར་བཞིན་ཡོད་པ་དང་། རྒྱལ་ཁབ་གཞན་དུ་ཉེན་རྟོག་པའི་ལས་ཁུངས་བཙུགས་ལུགས་ནི་གཏན་ནས་མེད་ཅེས་ཁས་ལེན་བྱས་མི་འདུག
ཨ་རིའི་ཁྲིམས་འཛིན་ཚན་པས་འགྲེལ་བརྗོད་གནང་བ་ལྟར་ན། གོང་ཞུས་མི་དེ་ཚོས་རྒྱ་ནག་གཞུང་གི་བཀའ་བཀོད་ལྟར། ནིའུ་ཡོག་གི་རྒྱ་ནག་པའི་གྲོང་ཚོ་རུ་ཉེན་རྟོག་ལས་ཁུངས་བཙུགས་ནས། དོ་དམ་དབང་ཚད་དང་ཕྱི་འབྲེལ་ཆོག་མཆན་མེད་པའི་གནས་སྟངས་འོག་ལས་འགུལ་སྤེལ་ཏེ་ཨ་རིའི་ཁཱ་ལི་ཧྥུ་ནི་ཡར་གནས་སྡོད་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་ཅན་ཞིག་ལ་བརྟག་ཞིབ་བྱས་པ་མ་ཟད། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བརྟག་དཔྱད་མ་བྱས་གོང་ཁོང་ཚོས་དེ་འབྲེལ་ཡིག་ཆ་དག་རྩ་མེད་དུ་བཏང་འདུག

NY.JPG
ནིའུ་ཡོག་ནང་གསང་བའི་ཉེན་རྟོག་ལས་ཁུངས་བཙུགས་ཡུལ།


དེ་མིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་ཆེད་དམིགས་སྡེ་ཚན་ཞིག་གི་མི་༣༤ ལ་ཉེས་པ་བཙུགས་ཡོད་པ་དང་། ཆེད་དམིགས་སྡེ་ཚན་དེ་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་དོ་དམ་བྱེད་བཞིན་ཡོད་པ་དང་། དེ་ཚོས་ཊི་ཝེ་ཊིར་ཐེ་བའི་སྤྱི་ཚོགས་དྲ་རྒྱར་དོ་བདག་རྫུན་མ་བཟོས་ནས་ཨ་རིར་གནས་སྡོད་རྒྱ་ནག་དང་ལྟ་སྤྱོད་ཐ་དད་ཅན་ཚོར་བསུན་གཙེར་དང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་རིགས་སྤེལ་ཡོད་ལུགས་གསལ་བསྒྲགས་བྱས་འདུག
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ནིའུ་ཡོག་ཡན་ལག་ཁང་གི་འགོ་ཁྲིད་ཅིག་གིས་རེས་གཟའ་ཟླ་བའི་ཕྱི་དྲོར་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག ཁྲིམས་འགལ་གྱིས་བཙུགས་པའི་ཉེན་རྟོག་པའི་ལས་ཁུངས་དེའི་དམིགས་ཡུལ་ནི། རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་དང་བསུན་གཙེར། འཇིགས་སྐུལ་གྱི་ཆེད་དུ་ཡིན་པ་ཨ་རིས་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ལོ་སྔོན་མའི་ཟླ་༩པའི་ནང་(Safeguard Defenders)་ཞེས་ཡོ་རོབ་ཁུལ་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཐེ་བའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཆེད་བཙུགས་བྱས་ཡོད་པའི་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད། སྐབས་དེར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Liu Pengyu)་ཟེར་བས། ཨ་རིའི་ནང་སྒེར་གྱིས་དངས་བླང་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པའི་ལས་ཁང་དེ་འདྲ་ཡོད་པ་དངོས་འབྲེལ་ཡིན་པ་ངོས་ལེན་བྱས་པ་དང་ཆབས་ཅིག དེ་དག་ནི་ཉེན་རྟོག་ལས་ཁུངས་གང་ཡང་མིན་ཚུལ་དང་། ཨ་རིས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཞེས་འབོད་པའི་ལས་ཁུངས་དེ་དག་ནི། ཕྱི་སྡོད་རྒྱ་མི་རིགས་རྣམས་ལ་རླངས་འཁོར་སོགས་གཏོང་ཆོག་པའི་ལག་འཁྱེར་ཞུ་རོགས་བྱེད་ས་དང་། ཡང་ན་ལག་འཁྱེར་དང་འབྲེལ་བའི་འཕྲོད་བསྟེན་བརྟག་དཔྱད་སོགས་ཀྱི་མཐུན་འགྱུར་སྤྲོད་ཆེད་དྭང་བླངས་ཞབས་ཞུའི་ལས་དོན་ཁོ་ནའི་ཆེད་ཡིན་ཚུལ་(Reuters) གསར་ལས་ཁང་ལ་མྱུར་འཕྲིན་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པ་རེད། ཁོང་གིས་ད་དུང་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་དེ་དག་ནི། སྒེར་གྱིས་དྭང་བླངས་ཐོག་ནས་བཙུགས་པ་ཡིན་པ་ལས་ལས་ཁུངས་དེ་ཚོའི་ནང་རྒྱ་ནག་ནས་ཉེན་རྟོག་མི་སྣ་གང་ཡང་མེད་ཚུལ་བཤད་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎