ཨ་མེ་རི་ཀས་ཐེ་ཝན་ལ་ཨ་སྒོར་ས་ཡ་༥༠༠ཡི་གོ་མཚོན་ཚོང་བསྒྱུར་གྱི་བཀའ་འཁྲོལ་ཐོབ་ཡོད་པ།

རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་ལ་དྲག་པོའི་འཇིགས་སྐུལ་གནས་སྟངས་ཛ་དྲག་ཏུ་གཏོང་བཞིན་བར་བརྟེན་ནས་ཨ་མེ་རི་ཀས་ཐེ་ཝན་ལ་ཨ་སྒོར་ས་ཡ་༥༠༠ཡི་གོ་མཚོན་ཚོང་སྒྱུར་གྱི་བཀའ་འཁྲོལ་གསར་པ་ཐོབ་ཡོད་པ་རེད་འདུག རྒྱ་ནག་གཞུང་གི་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་མིན་ལ་མ་བལྟོས་པར་ཨ་མེ་རི་ཀས་ཐེ་ཝན་ལ་དྲག་པོའི་གོ་མཚོན་ཡར་རྒྱས་ཐོག་ལ་རོགས་རམ་བྱེད་བཞིན་ཡོད་པ་ལྟར། ཨ་མི་རི་ཀའི་སྲིད་འཛིན་Joe Biden མཆོག་གི་གཞུང་འཛིན་གྱིས། ཐེ་ཝན་ལ་ཨ་སྒོར་ས་ཡ་༥༠༥ ཡི་གོ་མཚོན་ཚོང་རྒྱུའི་བཀའ་ཁྲོལ་གསར་པ་ཞིག་གནང་ཡོད་པ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་འདུག ཕྱི་ཟླ་༨ཚེས་༢༣ རེས་གཟའ་ལྷག་པའི་ཉིན་ཐེ་ཝན་ལ་IRTSཞེས་པའི་འོད་རླབས་ལ་བརྟེན་ནས་འཕུར་བསྐྱོད་བྱེད་མཁན་གྱི་གནམ་གྲུའི་མ་ལག་དང་ཆབས་ཅིག་སྔོན་ཐོན་ཅན་གྱི་དམག་གི་འཐབ་འཛིང་གནམ་གྲུ་Jet F-16རྟགས་ཅན་ལ་མཁོ་བའི་ལག་ཆ་དང་། གཞན་ཡང་གོ་མཚོན་དེ་དག་བེད་སྤྱོད་དང་ཉར་ཚགས་བྱེད་པར་མཁོ་བའི་ལག་ཆ། ཀམ་པུར་ཀྲར་མཉེན་ཆས་། དེ་བཞིན་གོ་མཚོན་གྱི་མ་ལག་སྐྱོན་ཆག་དང་། བོར་བརླག་སོང་བར་ཚབ་གསར་གྱི་ལག་ཆ་འཕར་མ་བཅས་ཚོང་རྒྱུའི་གྲོས་མཐུན་ཐོག་མཚན་རྟགས་བསྐྱོན་པའི་སྐོར་བཀོད་ཡོད་པ་རེད།
ཐེ་ཝན་གྱིས་ཡར་ཐོན་ཅན་གྱི་དམག་འཐབ་གནམ་གྲུ་F-16 ཡར་རྒྱས་ཆེད་དང།གོ་མཚོན་གསར་པ་ཉོ་རྒྱུ་སོགས་དམག་དོན་ཆེད་འགྲོ་གྲོན་ཨ་སྒོར་ཐེར་འབུམ་གསུམ་ཙམ་གཏོང་རྒྱུའི་འཆར་གཞི་ཡོད་འདུག ཐེ་ཝན་གྱིས་རྒྱ་ནག་ལ་འགོག་རྒོལ་བདེ་སྲུང་ཡར་རྒྱས་ཆེད་དུ་དམག་འཐབ་གནམ་གྲུ་གཙོས་པའི་གོ་མཚོན་ཉོ་རྒྱུའི་ཆེད་ལོ་རྗེས་མར་འགྲོ་གྲོན་ཐེ་ཝན་སྒོར་མོ་ཐེར་འབུམ་༩༤.༣ འམ་ཨ་སྒོར་ཐེར་འབུམ་༢.༩༧མང་བ་གཏོང་རྒྱུ་ཡིན་པ་གཟའ་ཕུར་པུའི་ཉིན་ཐེ་ཝན་གཞུང་གིས་བསྒྲགས་ཡོད་པའི་ཁར། ལྷག་པར་ཡར་ཐོན་ཅན་གྱི་དམག་འཐབ་གནམ་གྲུ་F-16 རྗེས་ཤུལ་གཏོང་ཆེད་ཀྱི་མ་ལག་གསར་པའི་ཐད་ལ་ཡར་རྒྱས་འགྲོ་གྲོན་གཏོང་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་གིས་མང་གཙོའི་ལམ་ལུགས་ལྡན་པའི་འོག་ནས་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་དེ་བཞིན་རྒྱ་ནག་གི་ས་ཁོངས་ཡིན་པར་ངོས་འཛིན་བྱེད་ཐབས་སུ་འདས་པའི་ལོ་གསུམ་རིང་ལ་དམག་དོན་དང་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་ནའང་།ཐེ་ཝན་གྱིས་དེ་ལ་འགོག་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།
ཐེ་ཝན་སྲིད་འཛིན་Tsai Ing-wenགྱིས་འཆར་ལོ་༢༠༢༤་གྱི་སྔོན་རྩིས་འཆར་བཀོད་ནང་གི་བདེ་སྲུང་གི་འགྲོ་གྲོན་ལ་ཐེ་ཝན་སྒོར་མོ་ཐེར་འབུམ་༦༠༦༨་དེའང་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༣.༥མང་དུ་ཕྱིན་ཡོད་པ་གཟའ་ཟླ་བ་ཉིན་ཡང་གསལ་བསྒྲགས་གནང་ཟིན་པ་རེད།
གསར་འགོད་པ། གཡུ་སྒྲོན།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།