ཨ་རིས་པ་ཀིསི་ཐན་ལ་མཁའ་དམག་གནམ་གྲུ་༨་ཚོང་བསྒྱུར་བྱ་རྒྱུ།
2016.02.13
༄༅། །གཟའ་པ་སངས་ཉིན་ཨ་མི་རི་ཀའི་གཞུང་གིས་པ་ཀིསི་ཐན་ལ་ F-16 རྟགས་ཅན་གྱི་མཁའ་དམག་གནམ་གྲུ་གྲངས་ ༨ ཚོང་བསྒྱུར་བྱ་རྒྱུའི་ཐོག། སྦྱོང་བརྡར་དང་ར་ཌར་རྟོག་ཞིབ་འཕྲུལ་ཆས་སོགས་ཀྱང་མཁོ་སྤྲོད་བྱ་རྒྱུའི་ཐག་གཅོད་བྱུང་ལུགས་གསལ་བསྒྲགས་བྱས་འདུག། གསལ་བསྒྲགས་འདི་ནི་ཨ་རིས་བཟོས་པའི་གོ་མཚོན་ཕྱིར་འཚོང་བྱ་རྒྱུའི་ལས་གཞི་གཉེར་མཁན་ཨ་རིའི་བདེ་འཇགས་མཉམ་འབྲེལ་ལས་དོན་ཁང་ཟེར་བ་དེས་སྤེལ་བ་ཞིག་ཡིན་ཞིང་། གསལ་བསྒྲགས་དེའི་ནང་པ་ཀིསི་ཐན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་སྐོར་ཨ་རིའི་གྲོས་ཚོགས་སུ་གཟའ་ཕུར་བུའི་ཉིན་སྙན་སེང་ཞུས་ཟིན་ལུགས་བཀོད་ཡོད་པ་དང་། ད་དུང་གསལ་བསྒྲགས་དེའི་ནང་། པ་ཀིསི་ཐན་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་འདི་ནི་ལྷོ་ཨེ་ཤི་ཡའི་ནང་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཞིག་གི་བདེན་འཇགས་ཀྱི་དམིགས་ཡུལ་དང་འཐབ་ཇུས་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོང་སླད་དམིགས་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་ལུགས་བརྗོད་ཡོད་པ་རེད། ཨ་མི་རི་ཀའི་གཞུང་གི་སྡེ་ཚན་དེས་པ་ཀིསི་ཐན་ལ་ཆེས་དེང་དུས་ཅན་གྱི་ F-16 གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱེད་པ་དེས། པ་ཀིསི་ཐན་གྱི་ངོས་ནས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་ཡོད་འདུག་ཅིང་། འོན་ཀྱང་རྒྱ་གར་གཞུང་གིས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Vikas Swarup བརྒྱུད་ཨ་རིའི་ཐག་གཅོད་དེར་བློ་ཕམ་ཡོད་པ་བརྗོད་པ་དང་སྦྲགས། ཨ་མི་རི་ཀས་པ་ཀིསི་ཐན་ལ་མཁའ་དམག་གནམ་གྲུ་དེ་དག་ཚོང་བསྒྱུར་བྱ་དགོས་པའི་རྒྱུ་མཚན་དེ་དག་ནི་རིག་པའི་གཞུང་ལུགས་དང་མི་མཐུན་པ་ཡིན་པ་གསུངས་ཤིང་། རྒྱ་གར་གཞུང་གི་ངོས་ནས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ཆེད་སྒུགས་ཀྱིས་རྒྱ་གར་ལ་མི་འདོད་པ་བྱུང་བའི་གནས་ལུགས་གསལ་བཤད་གནང་རྒྱུ་ཡིན་པ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་འདུག།
ཨ་མི་རི་ཀའི་བདེ་འཇགས་མཉམ་འབྲེལ་ལས་དོན་ལྷན་ཁང་གིས་པ་ཀིསི་ཐན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་དང་དེ་དང་འབྲེལ་བའི་རྒྱབ་སྐྱོར་མཁོ་སྤྲོད་བྱ་རྒྱུའི་འཆར་གཞི་དེ་དག་གིས་མངའ་ཁུལ་གྱི་དམག་དོན་གནས་བབས་ལ་ཁྱད་པར་བཟོ་རྒྱུ་མིན་ལུགས་འགྲེལ་བརྗོད་བྱས་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།