ཏཱ་ལའི་བླ་མ་མཆོག་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས།
2014.12.12
ཨ་རིས་རྒྱ་ནག་ལ་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སྐོར་སྐུལ་འདེད་གནང་འདུག
དེ་ཡང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryམཆོག་གིས་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལས་དོན་ནང་ རྒྱ་ནག་གིས་བཙོན་འཇུག་བྱས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་རྩོམ་པ་པོ་Liu Xiaoboཡིས་ལེགས་སྐྱེས་ཆེན་པོ་འབུལ་ཡོད་ལུགས་བསྔགས་བརྗོད་ཞུས་པ་དང་། ལྷག་པར་དུ་ཉིན་དེར་ཨ་མི་རི་ཀའི་རྒྱ་ནག་གཞུང་ཚབ་ཆེན་མོ་སྐུ་ཞབས་Max Baucusམཆོག་གིས་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་Liu Xiaoboདང་། ཁོང་གི་བཟའ་ཟླ་དེ་བཞིན་ཡུ་གུར་མི་རིགས་ཀྱི་མཁས་དབང་Ilham Tohti འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་Pu Zhiqiang, Xu Zhiyong བཅས་གློད་གྲོལ་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་ཁག་ལ་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་མིང་རྟགས་བཀོད་ཡོད་པ་བཞིན་དེ་ལྟར་ལག་བསྟར་ཡོད་ཆེད་བོད་ནང་གི་ཛ་དྲག་གི་དཀའ་ངལ་ཞི་འཇམ་ཡོང་སླད་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་ལྷན་དོན་འབྲས་ལྡན་པའི་གྲོས་མོལ་གནང་དགོས་ལུགས་ནན་སྐུལ་ཞུས་ཡོད་པ་རེད།
འོན་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་གཞུང་ཚབ་ཆེན་མོ་རྣམ་གཉིས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་པ་དེར་རེས་གཟའ་ཕུར་བུའི་ཉིན་ རྒྱ་ནག་གཞུང་ནས་དགག་ལན་དྲག་པོ་བྱས་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Hong Leiཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས་ཨ་རིའི་ནང་མི་རིགས་ཀྱི་ཕྱོགས་ལྷུང་དང་། སྡུག་སྦྱོང་མནར་གཅོད་ཀྱི་ལམ་སྲོལ་ཡོངས་གྲགས་ཡིན་པ་ཚང་མས་ཧ་གོ་དོན་གསལ་རེད་ལ་གནས་སྟངས་འདིའི་འོག་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཨ་རི་གཞུང་ལ་དཔྱད་ཁྲ་བྱ་རྒྱུའི་འགན་དབང་ཅི་ནས་མེད་ལུགས་སྐྱོན་བརྗོད་བྱས་འདུག
གསར་འགོད་པ་དོན་གྲུན་རྣམ་རྒྱལ།