ལྷོ་ཨ་མི་རི་ཀའི་ནང་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ།
2011.01.28
༄༅༎ལྷོ་ཨ་མི་རི་ཀའི་ནང་གཟའ་འཁོར་གཅིག་རིང་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་བ་ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། དེའི་རིང་ལ་བོད་ཀྱི་པར་རིགས་དང་གློག་བརྙན། ནང་ཆོས་ངོ་སྤྲོད་སོགས་གནང་ཡོད་པ་རེད།
དེ་ཡང་TibetanReviewཞེས་པའི་གསར་འགྱུང་དྲ་རྒྱའི་ཐོག་ལ། བྱེད་སྒོ་དེ་ནི་ཕྱི་ཟླ་དང་པོའི་ཚེས་༢༢ནས་༢༨བར་འཛམ་གླིང་ནས་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་གྲགས་ཆེ་བ་ལྷོ་ཨ་མི་རི་ཀའི་མཚོ་ཁའི་གྲོང་ཁྱེར་པུན་ཏ་ཌེལ་ཨེསི་ཏེ་ཡི་ཡུལ་སྐོར་སྤྲོ་འཆམ་པའི་དྲིལ་བསྒྲགས་ལྟེ་གནས་ཁང་གི་ཚོགས་ཁང་ཆེན་མོའི་ནང་གོ་སྒྲིག་གནང་ཡོད་པ་དང༌། དེའི་ནང་དུ་བོད་ཀྱི་པར་རིགས་དང༌། བོད་ཀྱི་ཐང་ཀ་སོགས་འགྲེམས་སྟོན་གནང་བ་མ་ཟད། ཆི་ལེ་མི་རིགས་ཡིན་པ་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་ཐང་ཀའི་སྐོར་ངོ་སྤྲོད་གནང་བ་དང༌། ཁོང་བོད་དུ་བསྐྱོད་མྱོང་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང༌། དེ་བཞིན་བོད་ཀྱི་གློག་བརྙན་བཏོན་པ་དང༌། ནང་ཆོས་ངོ་སྤྲོད་སོགས་གནང་པ་རེད། པར་རིགས་འགྲེམས་སྟོན་བྱས་པའི་གྲས་སུ། ཨར་ཇེན་ཏི་ན་ནས་ཡིན་པ་སོའོ་ཕི་ཡ་ཞུ་བ་ཁོང་ཡང་སེ་བོད་དུ་ཕེབས་ཀྱི་ཡོད་པ་ཁོང་གིས་བོད་ཀྱི་དགོན་པའི་ནང་རྒྱབ་པའི་པར་དང༌། གཞན་ཡང་ལྷོ་ཨ་ཕེ་རི་ཀའི་སྒྱུ་རྩལ་པ་སི་རོའོ་ཞུ་བས་བྲིས་པའི་མི་ལ་རལ་པའི་སྐུ་ཐང༌། གྲོང་ཁྱེར་ནེའུ་ཡོག་ཏུ་བཞུགས་མཁན་བོད་མི་པར་པ་རྫོགས་བཟང་ལགས་ཀྱིས་སྐྱོན་པའི་པར་རིགས། རྒྱ་རིགས་རྩོམ་བྲིས་པ་ཅིང་ལིན་ལི་ཡིས་བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱབ་པའི་འདྲ་པར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཐོག་མར་ཕེབས་པའི་སྐབས་ཀྱི་སྐུ་པར་སོགས་འགྲེམས་སྟོན་བྱས་ཡོད་པ་རེད། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལེ་ཀྲིན་སྐད་ཡིག་གསུང་བསྒྱུར་ཞུ་མཁན་ཨ་ལོ་མོ་ཞུ་བ་དང༌། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་གཙོས་པའི་བོད་དོན་སྐོར་གསུང་བཤད་གནང་མཁན་ཁག་ཅིག་དང༌། ལས་འགུལ་དེའི་རིང་གི་གནས་ཚུལ་རྣམས་བརྙན་འཕྲིན་ཁག་བདུན་ནང་རྒྱང་བསྲིང་བྱས་ཡོད་གཤིས། ལས་འགུལ་དེ་ནི་ལྷོ་ཨ་ཕེ་རི་ཀའི་རྩོམ་བྲིས་པ་བོད་དོན་རྒྱབ་སྐྱོར་གནང་མཁན་ཨེལ་མ་སེ་ལ་ནེསི་ཞུ་བ་དང་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ནང་གི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་སྡེ་ཚན་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བ་ཡིན་པ་རེད།