ཀན་ལྷོ་ཕྱོགས་སུ་གསུམ་བཅུའི་དུས་དྲན་ལ་དོགས་ཟོན་དང་གྲ་སྒྲིག
2015.03.04
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉིན་འདི་གར་བོད་ཀྱི་ལོ་གསར་དང་། ཆོ་འཕྲུལ་སྨོན་ལམ་ཚོགས་བཞིན་པ་དང་། ལྷག་པར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བས། སྤྱི་ཟླ་༣ཚེས་༡ཉིན་མདོ་སྨད་ཀན་ལྷོ་ཕྱོགས་ཀྱི་ཁུལ་དང་རྫོང་རིམ་པའི་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོར་གློ་བུར་བརྡ་ཁྱབ་བཏང་ནས། ལས་བྱེད་ཚོ་ཚེས་༢ཉིན་ནས་རང་རང་སོ་སོའི་ལས་ཁུངས་ལ་འབྱོར་བ་བྱས་ཐོག་ཉིན་ལྟར་དུས་ཚོད་ཆད་མེད་ལས་ཁུངས་སུ་བསྡད་ནས་རྒྱུན་ཏན་ལྟར་ལས་དོན་བསྒྲུབ་དགོས་པའི་བཀའ་བཏང་ཡོད་པ་དང་། ཛ་དྲག་གི་ལས་དོན་མེད་ཚེ་ལས་ཁུངས་ནས་གང་འདོད་དགོངས་ཞུ་བྱེད་བ་དང་སྨོན་ལམ་སོགས་སུ་བསྐྱོད་མི་ཆོག་པའི་བཀའ་བཏང་ཡོད་པ་རེད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱིར་ལས་བྱེད་མང་ཆེ་བ་སྤྱི་ཟླ་༣པའི་ཚེས་༨བར་དགུན་ཁའི་གུང་སེང་ཡིན་ན་ཡང་གུང་སེང་མ་རྫོགས་པར་སྐད་བཏང་སོང་། དཔེར་ན། སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད་ཚོར་སློབ་གྲྭ་མ་ཚོགས་བར་ལས་དོན་གང་ཡང་མེད་ན་ཡང་ལས་ཁུངས་ལ་དུས་ཚོད་ལྟར་འཛོམས་ནས་སྡོད་དགོས་བའི་བཀའ་བཏང་འདུག་ཅེས་བརྗོད་བྱུང་། ཡང་བོད་མི་གཞན་ཞིག་གིས། དེ་ནི་གཙོ་བོ་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔ་ས་ནས་གྲ་སྒྲིག་གི་ཚུལ་གྱིས་དོགས་ཟོན་དམ་དྲག་བྱེད་བཞིན་པ་རེད། མ་ཟད་ལས་བྱེད་ཚོ་མི་ཚོགས་འཛོམས་སར་བལྟ་རྟོགས་དང་། གནད་འགག་ཆེ་བའི་ས་གནས་ཁག་ལ་སྐོར་གཡེང་བྱེད་བར་བཏོང་བཞིན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དང་། ཤིས་ཚང་སྒར་གསར་དགོན། འབོ་ར་དགོན། ཅོ་ནེ་དགོན་སོགས་ཀྱི་སྨོན་ལམ་ཆེན་མོའི་སྐབས་མི་ཚོགས་འཛོམས་བཞིན་པར་ཕྱི་ནང་གསང་གསུམ་ནས་མངོན་གསལ་དེ་ཙམ་མེད་པའི་ཐོག་དོགས་ཟོན་བྱས་འདུག་ལ་བླ་བྲང་སྨོན་ལམ་སྐབས་བར་སྣང་ནས་ཐད་འཕུར་གནམ་གྲུས་ཡང་ཡང་སྐོར་གཡེང་བྱེད་བཞིན་པ་མཐོང་རྒྱུ་འདུག་ཟེར།
ད་ལོར་དམིགས་བསལ་མདོ་སྨད་ཕྱོགས་ཀྱི་ས་ཁུལ་མང་པོར་བོད་མི་ཚོས་བོད་ཀྱི་ལོ་གསར་སྲུང་བརྩི་བྱས་བ་དང་མཉམ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དགུང་ལོ་༨༠ཕེབས་པའི་གྱ་སྟོན་བསུ་བའི་བྱེད་སྒོ་སྣ་མང་སྤེལ་བཞིན་པ་མཐོང་རྒྱུ་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།