ཨ་ཡོ་ལྦ་མཐོ་སློབ་ནས་སྐུའི་ཆིབས་བསྒྱུར་གསོལ་འདེབས་ཞུས་པ།
2008.09.17
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་ཨེན་ཨའེ་ཞེས་ཨ་མི་རི་ཀའི་མངའ་སྡེ་ཨ་ཡོ་ལྦ་གཙུག་ལག་སློབ་གྲྭ་ཆེན་མོས་མཐོ་སློབ་དེའི་ནང་ཤེས་ཡོན་གྱི་དགའ་སྟོན་རྟེན་འབྲེལ་ཞུ་ཕྱིར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་༸མགོན་པོ་གང་ཉིད་མཐོ་སློབ་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐད་བྱང་ཨ་མི་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ལྷན་དུ་གྲོས་བསྡུར་ཞུ་བཞིན་ཡོད་འདུག
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་རིན་ཐང་དར་སྤེལ་གནང་མཁན་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡིན་སྟབས་ཕྱི་ལོ་༡༩༩༤ལོ་ནས་བཟུང་ཨ་རིའི་མངའ་སྡེ་ཨ་ཡོ་ལྦའི་མཐོ་སློབ་དེས་མཐོ་སློབ་དེའི་ནང་བོད་པའི་སློབ་ཕྲུག་སློབ་སྦྱོང་གནང་རྒྱུའི་ཐད་བོད་ཀྱི་ཐེབས་རྩ་དང་འབྲེལ་བ་ཞུས་སྟབས་ ད་ཆ་མཐོ་སློབ་དེའི་ནང་བོད་པའི་སློབ་ཕྲུག་ཉི་ཤུ་རྩ་དྲུག་ལ་སློབ་ཡོན་ཐོབ་པ་དང་སློབ་ཕྲུག་དེ་རྣམས་ཀྱིས་ཀྱང་འཛིན་གྲྭ་དང་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་གཞན་དང་མཉམ་སྤྱོད་ཀྱི་ལས་དོན་མང་པོ་སྤེལ་གྱི་ཡོད་པ་རེད་ ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་གཉིས་པའི་ནང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཐོ་སློབ་དེའི་ནང་ཤེས་ཡོན་གྱི་དུས་ཆེན་སྲུང་བརྩི་དང་བོད་ཕྲུག་ཚོའི་ཤེས་ཡོན་ལ་རྒྱབ་སྐྱོར་གནང་ཕྱིར་གཞུང་འབྲེལ་སྒོ་ནས་མཐོ་སློབ་དེའི་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོང་བའི་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་ཟབ་མོ་ཐོབ་འདུག མཐོ་སློབ་འདིའི་གཙོ་འཛིན་སྦེ་ཇ་མིན་ཨེ་ལེན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་ཡོ་ལྦའི་མཐོ་སློབ་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཞལ་བཞེས་གནང་བ་དེ་ནི་མཐོ་སློབ་དེར་ཆེ་བསྟོད་ཆེན་པོ་གནང་བ་ཞིག་ཡིན་སྟབས་ དགེ་ལས་སློབ་ཕྲུག་རྣམས་མགོན་པོ་གང་ཉིད་ཀྱི་ཆིབས་བསྒྱུར་ལ་ངང་སྒུག་ཞུ་བཞིན་ཡོད་སྐོར་དང་ འདི་ལོའི་དབྱར་དུས་སུ་ཁོང་གིས་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་ཐོབ་སྐབས་ མགོན་པོ་གང་ཉིད་ནས་གཞན་ལ་བྱམས་དང་བརྩེ་བ་ སྙིང་རྗེ་ གུས་ཞབས་གནང་སྟངས་སོགས་ཀྱིས་ཁོང་གི་ཐོག་བག་ཆགས་གཏིང་ཟབ་ཆགས་སྐོར་གསུངས་འདུག ཡང་ཁོང་ནས་༸གོང་ས་མཆོག་གི་སྐུ་ཁམས་ཀྱི་གནས་སྟངས་སྐོར་མཐོ་སློབ་དེས་ཤེས་ཀྱི་ཡོད་སྟབས་ ༸གོང་ས་མཆོག་མཐོ་སློབ་དེའི་ནང་ཆིབས་བསྒྱུར་ག་དུས་བསྐྱངས་དང་མི་བསྐྱངས་༸མགོན་པོ་གང་ཉིད་ཀྱི་སྐུ་ཁམས་འཕྲོད་བཞེས་དང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་ཐུགས་ཐག་གཅོད་རྒྱུ་ཡིན་སྐོར་དང་ ཡིན་ནའི་མཐོ་སློབ་དེའི་རེ་བར་༸གོང་ས་མཆོག་ལོ་འགའ་ཤས་ཀྱི་རྗེས་སུ་ཨ་ཡོ་ལྦ་མཐོ་སློབ་དེའི་ནང་ཆིབས་བསྒྱུར་བསྐྱངས་པའི་རེ་བ་ཞུ་ཡོད་ལུགས་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག།