ཏུ་ནི་ཤི་ཡའི་རྒྱལ་ཁབ་ནང་དྲག་ཟིང་གི་དོན་རྐྱེན་བཀག་སྡོམ།
2011.01.16
༄༅༎བྱང་ཨ་ཕེ་རི་ཀའི་ནང་གི་ཏུ་ནི་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་དང་མི་དམངས་བར་དྲག་པོའི་འཐབ་འཁྲུགས་བྱུང་སྟེ་སྲིད་འཛིན་རྒྱལ་ཁབ་གཞན་ནང་བྲོས་བྱོལ་དུ་ཕྱིན་པའི་རྗེས། ཡུལ་དེའི་ཆབ་སྲིད་ཀྱི་གནས་སྟངས་ཟང་ཟིང་བྱུང་བའི་གོ་སྐབས་བསྟུན་ཏེ། འཕྲོག་བཅོམ་དང༌། དྲག་ཟིང་གི་དོན་རྐྱེན་ཛ་དྲག་ཏུ་ཕྱིན་ཡོད་ཀྱང་ད་ཆ་གཞུང་གི་དམག་དཔུག་གིས་བཀག་སྡོམ་བྱེད་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསུངས་ན། གཞུང་གིས་རྒྱ་ལམ་ཐོག་ལ་ལྕགས་འཁྲབ་འཁོར་ལོ་དང་དམག་དཔུང་འགྲེམས་འཇོག་བྱས་ཏེ། མྱུལ་ཞིབ་ཀྱི་ལས་དོན་སྤེལ་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་དག་མཐོང་སྐབས་མི་དམངས་ཀྱི་སེམས་ལ་ཞེ་སྣང་སྐྱེས་དགོས་པ་ཞིག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་མཚན་གསུང་འདོད་མེད་པའི་སྲུང་སྐྱོབ་དམག་མི་ཞིག་གིས། ཟང་ཆའི་གོ་སྐབས་བཟུང་སྟེ། ཅ་དངོས་འཕྲོག་བཅོམ་བྱེད་མཁན་མི་མང་པོ་ཞིག་དེ་རིང་སྔ་དྲོ་འཛིན་བཟུང་བྱས་ཏེ་འཕྲོག་བཅོམ་གྱི་བྱ་སྤྱོད་བཀག་འགོག་ཐུབ་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། ཏུ་ནི་ཤི་ཡ་རྒྱལ་ཁབ་ནང་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་རྒྱས་ཕྱིན་པ་དང༌། ཟ་བཅའི་རིན་གོང་འཕེལ་བའི་རྐྱེན་གྱིས་སློབ་གྲ་ཐོན་ཟིན་པའི་ལས་མེད་ན་གཞོན་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཟླ་བ་གཅིག་འགྲོ་བ་དང༌། གཟའ་འཁོར་འདིའི་ནང་ངོ་རྒོལ་གྱི་ལས་འགུལ་དེ་ཁྱབ་ཆེ་རུ་དང་རྣོ་ངར་ཆེ་རུ་ཕྱིན་ཏེ་སྲིད་འཛིན་ལས་གནས་ནས་གནས་དབྱུངས་གཏོང་དགོས་པའི་ལས་འགུལ་གྱི་ཚ་རླབས་ཆེ་རུ་ཕྱིན་པར་བརྟེན། རེས་གཟའ་པ་སངས་ཉིན་མི་ལོ་༢༣རིང་ཏུ་ནི་ཤི་ཡའི་རྒྱལ་ཁབ་ཀྱི་དབང་བསྒྱུར་བྱེད་མཁན་སྲིད་འཛིན་ཛེ་ནལ་ཨ་མི་རྡིན་སྦེན་ཨ་ལི་དང་ནང་མི་རྣམས་སའོ་རྡི་ཨ་རེ་སྦི་ཡ་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།