མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་༡༥་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག

2024.10.23
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་༡༥་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག ཨའོསི་ཊརེ་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་(James Larsen)ལགས་ནས་བོད་དོན་གསུང་བཤད་སྐབས། ༢༠༢༤།༡༠།༢༢ ཉིན།
Savetibetorg

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཟླ་༡༠་ ཚེས་ ༢༢ ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་བསྡུར་ཚོགས་འདུའི་སྟེང་། ཨའོསི་ཊརེ་ལི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་(James Larsen)ལགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁྲོད་ཀྱི་རྒྱལ་ཁབ་ ༡༥ ་ཡི་སྐུ་ཚབ་བྱས་ཏེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་མི་སྣ་གང་བྱུང་འཛིན་བཟུང་བཀག་ཉར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་གི་ངོ་བོར་ཡོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་དང་རྩ་འཛིན་ཁག་གཞིར་བཟུང་། བོད་དང་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་མཚམས་འཇོག་དགོས་སྐོར་བརྗོད་འདུག

བསྒྲགས་གཏམ་ནང་རྒྱལ་ཁབ་དེ་དག་ནས་བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ལའང་སེམས་ཚབས་ཆེན་པོ་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་བྱས་ཡོད་པ་བཞིན། བོད་མི་རྣམས་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་བཙན་གྱིས་བཙོན་འཇུག་བྱས་པ། འགྲུལ་བཞུད་བྱ་རྒྱུར་དམ་དྲག་དང་བཙན་ཤེད་ཀྱིས་ངལ་རྩོལ་སྒྱུར་བཀོད་བྱེད་པ། སློབ་མ་རྣམས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་ཕ་མ་བུ་ཕྲུག་ཁ་བྲལ་གཏོང་བཞིན་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་དང་སྨྲ་བརྗོད་སོགས་ཀྱི་རང་དབང་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད་སྐོར་བཅས་བརྗོད་འདུག

དེའི་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་དེར་དགའ་བསུ་དང་མཉམ། རང་དབང་ཅན་གྱི་རྒྱལ་ཁབ་༡༥་བོ་དེ་དག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་ཐུགས་ཚབས་དང་བཅས་བསྒྲགས་གཏམ་སྤེལ་བ་དེ་ནི་ད་དུང་ཡང་བོད་ཀྱི་གནད་དོན་སེལ་མེད་པ་རྒྱ་ནག་གཞུང་ལའང་བརྡ་ལན་གསལ་པོ་སྤྲོད་བཞིན་ཡོད། དཀའ་ངལ་དེ་ཚོ་ཚང་མ་རྒྱ་ནག་གཞུང་གི་སྲིད་བྱུས་མ་འགྲིག་པས་བཟོ་བཞིན་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Maya Wang)་ལགས་ཀྱིས་དེའི་ཐད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བོད་མི་དང་ཤིན་ཅང་ནང་གི་ཡུ་གུར་མི་རིགས་སོགས་གང་འདོད་འཛིན་བཟུང་བྱེད་བཞིན་པའི་གནད་དོན་ཐེར་འདོན་གྱིས་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་བཏོན་མིན་ལ་མ་བལྟོས་པར། རྒྱ་ནག་གཞུང་གིས་མུ་མཐུད་དུ་རྒྱལ་སྤྱིའི་འབོད་སྐུལ་ཁག་ལ་སྣང་མེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་དུ་རྡོག་རོལ་གཏོང་བཞིན་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བྱུང་།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཨོསི་ཊརེ་ལི་ཡ་(Australia)ཀྱི་སྐུ་ཚབ་སྐུ་ཞབས་(James Larsen)་ཡིས། རྒྱ་ནག་གཞུང་གིས་ཕྱི་གསལ་ནང་གསལ་དང་སྒོ་འབྱེད་མི་བྱེད་པ་དེ་ང་ཚོས་བློ་ཚབས་བྱེད་དགོས་པའི་གནད་དོན་གཙོ་བོ་རེད། ང་ཚོས་རྒྱ་ནག་གཞུང་གིས་ཤིང་ཅང་དང་བོད་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚུད་པའི་རང་དབང་ལྡན་པའི་རྟོག་ཞིབ་པ་རྣམས་དམ་དྲག་གང་ཡང་མེད་པ་དང་དོན་དང་ལྡན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་འཇུག་ཆེད་བསྐྱོད་འཇུག་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་བ་དང་མཉམ། རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་ཞི་བའི་ལས་འགུལ་དང་སྲིད་དོན་གྱི་སྨྲ་བརྗོད་རང་དབང་རྡུང་རྡེག་དང་། ཁོང་ཚོའི་སྐད་ཡིག་དང་རིག་གཞུང་། སློབ་གསོ་དང་ཆོས་ལུགས་ཀྱི་རང་དབང་ཉམས་ཉེས་བཏང་བ་མ་ཟད། ཕར་འགྲོ་ཚུར་འོང་ཐོག་དམ་དྲག་བྱེད་ཀྱི་ཡོད་པའི་སྐོར་བརྗོད་ཡོད་པ་དང་། དེ་ནི་ཨོསི་ཊརེ་ལི་ཡའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཁོང་གིས་ཨ་མི་རི་ཀ་དང་། ཁེ་ཎ་ཌ། ཇར་མ་ནི། ཉི་ཧོང་བཅས་པའི་རྒྱལ་ཁབ་ཁག་བཅོ་ལྔའི་ཚབ་ཞུས་ནས་གཏམ་བཤད་དེ་གནང་བ་ཡིན་འདུག ཡིན་ནའང་སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་(Fu Cong)་ཡིས། གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བབས་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལག་ཆར་བེད་སྤྱོད་ཀྱིས་རྒྱ་ནག་དང་གདོང་ཐུག་བྱེད་ཀྱི་ཡོད་པ་སོགས་འཆར་ཅན་ལྟར་ཕར་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག

གོང་ཞུས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་མཁན་རྒྱལ་ཁབ་ཁག་ནི། ཁེ་ན་ཌ་དང་ཌེན་མཱེག ཕིན་ལན་ཌི། ཧྥ་རན་སི། འཇར་མ་ནི། ཨསི་ལན་ཌི། ཉི་འོང་། ལའེ་ཐའོ་ནེཡ། ནཱི་དྷར་ལན་ཌི། ནའུ་ཛི་ལན་ཌི། ནོར་ཝེ། སི་ཝེ་དྷན། དབྱིན་ཡུལ། ཨ་རི། ཨའོསི་ཊརེ་ལི་ཡ་བཅས་ཡིན་པ་དང་། བསྒྲགས་གཏམ་མཇུག་ཏུ་མཉམ་འབྲེལ་བསྒྲགས་སྤེལ་མཁན་གྱི་རྒྱལ་ཁབ་༡༥་ཡི་ངོས་ནས་རྒྱ་ནག་གཞུང་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དངོས་སུ་ལག་བསྟར་གྱིས། བོད་དང་ཤིན་ཅང་ནང་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པའི་མི་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པ་དང་། གར་སོང་ཆ་མེད་དུ་བཏང་བའི་ནང་མི་རྣམས་ད་ཆ་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་གསལ་བཤད་དགོས་རྒྱུ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རྣམས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་བོད་དང་ཤིན་ཅང་དུ་བསྐྱོད་ཆོག་པ་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན་པ་བཅས་འགྲེལ་བརྗོད་གནང་འདུག


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ལྷུན་གྲུབ་ཚེ་རིང་།
གནས་ཚུལ་ཁ་སྣོན། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག ཆོས་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎