རྒྱལ་ཚོགས་ཀྱི་དཔོན་རིགས་ལ་རྒྱ་ནག་ནང་གཟིགས་སྐོར་དོན་འབྲས་ལྡན་པ་བྱེད་དགོས་བ་ཚོགས་སྡེ་ཁག་དྲུག་ཅུ་ཡིས་འབོད་སྐུལ་གནང་འདུག

2022.04.20
རྒྱལ་ཚོགས་ཀྱི་དཔོན་རིགས་ལ་རྒྱ་ནག་ནང་གཟིགས་སྐོར་དོན་འབྲས་ལྡན་པ་བྱེད་དགོས་བ་ཚོགས་སྡེ་ཁག་དྲུག་ཅུ་ཡིས་འབོད་སྐུལ་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་(Michelle Bachelet)་ལགས། ༢༠༡༨
Reuters

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་ལགས། རིང་མིན་ཕྱི་ཟླ་༥བའི་ནང་ཤིན་ཅང་གཙོ་གྱུར་རྒྱ་ནག་ནང་གི་འགྲོ་བ་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ཆེད་ཕེབས་གཏན་འཁེལ་ཡོད་པར་བརྟེན། འདི་ཚེས་༡༩ཉིན་རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་༦༠ཡིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས། རྒྱལ་ཚོགས་ནས་སྔ་ལོའི་ཕྱི་ཟླ་༡༢བའི་ནང་འདོན་སྤེལ་གནང་འཆར་གྱི་རྒྱ་ནག་གི་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཀྱི་ཞིབ་འཇུག་སྙན་ཐོ་དེ་གང་མགྱོགས་འདོན་སྤེལ་གནང་དགོས་པ་དང་། རིང་མིན་རྒྱ་ནག་ནང་དངོས་སུ་ཕེབས་སྐབས་རང་དབང་ལྡན་པའི་རྟོག་ཞིབ་དོན་དང་ལྡན་པ་གནང་དགོས་བ་དང་། གཟིགས་སྐོར་དེ་ངེས་པར་དུ་ཡིད་ཆེས་ཐུབ་པ་ཞིག་གནང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གཞུང་གི་མགོ་སྐོར་གཡོ་འོག་ཏུ་མ་ཚུད་པའི་བྱ་ཐབས་རྣམས་ལག་བསྟར་གནང་དགོས་པའི་སྐོར་ཡང་འབོད་སྐུལ་ཞུས་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་(Sophie Richardson)་ལགས་སུ་བཅར་འདྲི་ཞུས་སྐབས། ད་རེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་མཆོག་རྒྱ་ནག་ནང་ཕེབས་པ་དང་མཉམ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད་དུ་བོད་ནང་ངེས་བར་དུ་ཕེབས་དགོས་པ་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།
རྒྱ་ནག་གཞུང་གིས་ལྕམ་(Michelle Bachelet)་ལགས་རྒྱ་ནག་ནང་གཟིགས་སྐོར་ནང་བཅུག་ཀྱང་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་མཐོང་དུ་འཇུག་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་སྔོན་གྱི་ཉམས་མྱོང་ལས་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་དེའི་ཐད་རྣམ་འགྱུར་གང་ཡང་སྟོན་གྱི་མེད་པ་རེད། ལྕམ་(Sophie Richardson)་ལགས་ཀྱིས་མུ་མཐུད་དུ། ལྕམ་(Michelle Bachelet)་ལགས་ཀྱིས་རིང་མིན་རྒྱ་ནག་ནང་འཚམས་གཟིགས་གནང་སྐབས། རྒྱ་ནག་གཞུང་གི་དཔོན་རིགས་ཀྱི་མགོ་སྐོར་གཡོ་འོག་ཏུ་ཚུད་དེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ནང་རྡུང་རྡེག་ཕོག་མཁན་གཙོས་པའི་ཚབས་ཆེ་དྲག་གནོན་མྱོང་མཁན་ཚོའི་གནས་སྟངས་གཡུག་ན་འགྲིག་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་༢༠༡༤ལོར་ཕྱི་ཚུལ་དུ་དྲག་པོའི་ལྟ་སྤྱོད་འཛིན་མཁན་ཐོག་ལ་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་སྤེལ་བའི་ཐོག་ནས། རྒྱ་ཁྱབ་དང་འཆར་གཞི་ལྡན་པའི་སྲིད་ཇུས་སྤེལ་ནས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་མི་རིགས་གཙོས་པའི་(Turkic)་མི་དམངས་མང་པོ་བཀག་ཉར་དང་། ཉེས་རྡུང་། སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་དེ་དག་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་དུ་བཏང་བའི་ནག་ཉེས་ཤིག་ཡིན་པ་གསུངས་ཡོད་པ་རེད།
ལྕམ་(Michelle Bachelet)་ལགས་ཀྱིས་༢༠༡༨ལོའི་ཕྱི་ཟླ་དགུ་པའི་ནང་། ཤིང་ཅང་ནང་དུ་འཚམས་འདྲིར་ཕེབས་ཐུབ་པའི་འབད་བརྩོན་གནང་བཞིན་ཡོད་པའི་སྐོར་ཐོག་མར་གསལ་བསྒྲགས་གནང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ཁོང་ཤིང་ཅང་ནང་དུ་དོན་དང་ལྡན་པའི་འཚམས་འདྲིར་ཕེབས་ཐུབ་པ་བཟོ་རྒྱུའི་ཆེད་དུ་མགོ་སྐོར་གཏོང་བ་དང་། མངོན་གསལ་དོད་པོས་དུས་ཚོད་ཕྱིར་བཤོལ་བྱས་པའམ་དུས་འགྱངས་བྱས་པ། ངོས་ལེན་མ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། ཡང་༢༠༢༡ལོའི་ཕྱི་ཟླ་དགུ་པའི་ནང་ལྕམ་(Bachelet)་མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་ལ། ཁོང་གི་ལས་ཁང་གིས། རྒྱ་ནག་གཞུང་གིས་ཤིང་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་བྱ་སྤྱོད་ཉེས་འཛུགས་བྱེད་བཞིན་པའི་གནས་ཚུལ་རྣམས་ལ་ཞིབ་འཇུག་གི་ལས་དོན་མཇུག་སྐྱོང་གནང་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།
འོན་ཀྱང་ཁོང་གི་ལྷན་ཁང་ནས་ད་ལྟ་བར་ཞིབ་འཇུག་གི་སྙན་ཐོ་དེ་སྤྱི་བསྒྲགས་བྱས་མེད་པའི་ཁར། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ལ་ཁོང་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་རྒྱ་ནག་གིས་མོས་མཐུན་བྱས་ཡོད་སྐོར་གསལ་བསྒྲགས་གནང་ཡོད་ཀྱང་ཁོང་གི་ལྷན་ཁང་ནས་གོང་གསལ་གྱི་སྙན་ཐོ་དེ་དུས་ཚོད་ག་དུས་སྤྱི་བསྒྲགས་བྱ་མིན་ཁ་གསལ་གནང་མེད་པ་རེད།
དེར་བརྟེན་གོང་གསལ་གྱི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་སོགས་ཚོགས་སྡེ་དྲུག་ཅུ་ཡིས། ལྕམ་(Bachelet)་ལགས་ལ། དུས་ཚོད་རིང་པོ་ཕྱིན་པའི་སྙན་ཐོ་དེ་སྤྱི་བསྒྲགས་བྱས་ནས་ཁོང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་སུ་དང་ཐུགས་འཕྲད་གནང་རྒྱུ་ཡིན་པ་དེ་དག་གི་བདེ་འཇགས་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ། རྒྱ་ནག་གཞུང་དང་ལྷན་དུ་ཁོང་གི་འཚམས་འདྲི་གོ་སྒྲིག་བྱས་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ཁར། རྒྱ་ནག་གཞུང་གི་དམ་དྲག་མེད་པའི་ཐོག་ནས་འཚམས་འདྲི་གནང་ཐུབ་པ་ཞིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ཕྱོགས་མཚུངས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་འབྲེལ་ཡོད་ཚོགས་སྡེ་ཁག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་ལགས་བོད་ནང་གཟིགས་སྐོར་ཕེབས་མ་ཐུབ་ན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནད་དོན་གསལ་རྟོགས་ཡོང་དཀའ་བས་ངེས་པར་དུ་བོད་ནང་ཕེབས་གནང་ཡོང་བའི་འབོད་སྐུལ་སྔ་རྗེས་ཞུས་དང་ཞུ་བཞིན་པ་རེད།།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎