རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་མཆོག་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་བོད་དོན་གླེང་ཡོད་ཅེས་གསུངས་འདུག

2022.05.28
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་མཆོག་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་བོད་དོན་གླེང་ཡོད་ཅེས་གསུངས་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་ལྕམ་Michelle Bachelet.
(United Nations High Commissioner for Human Rights via AP)

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་(Michelle Bachele)་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་༢༣རེས་གཟའ་ཟླ་བ་ནས་འགོ་བཙུགས་ནས་རེས་གཟའ་སྤེན་པ་བར་ཉིན་གྲངས་དྲུག་རིང་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་།
ཕྱི་ཚེས་༢༨གཟིགས་སྐོར་མཇུག་སྒྲིལ་གྱི་ཉིན་སྤེལ་བའི་གཞུང་འབྲེལ་བསྒྲགས་གཏམ་དེའི་ནང་། བོད་ཀྱི་སྐད་ཡིག་སློབ་གསོ་དང་ཆོས་དད་རང་དབང་སྐོར་རྒྱ་ནག་གི་དཔོན་རིགས་དང་གླེང་ཡོད་འདུག
དེ་ཡང་བོད་རང་སྐྱོང་ལྗོངས་དང་འབྲེལ་བའི་སྐོར་ཁོང་གིས་བོད་མིའི་སྐད་དང་རིག་གཞུང་ཆོས་ལུགས་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་གླེང་ཡོད་པ་དང་། ད་དུང་བོད་མིའི་ཆོས་དད་རང་དབང་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་བོད་མི་རང་ཉིད་ཀྱི་རང་དབང་ཐོག་ནས་ཐག་གཅོད་བྱེད་འཇུག་དགོས་པ་དང་། ཕན་ཚུན་གྲོས་མོལ་གནང་རྒྱུ་དེ་གལ་ཆེ་ཡིན་པའི་སྐོར་གླེང་སློང་གནང་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོང་ནང་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ཐོག་བཀའ་སྡུར་བྱུང་ཡོད་ཅིང་། བོད་རིགས་ཕྲུ་གུ་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་དེ་བཞིན་བོད་མིའི་ཁྱིམ་ཚང་དང་བོད་པའི་ཁོར་ཡུག་འོག་སློབ་སྦྱོང་གནང་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་བརྗོད་འདུག
ད་དུང་ཁོང་གིས་རྒྱལ་ཚོགས་ཀྱི་ཐོབ་ཐང་ཚོགས་པའི་ལས་ཁུངས་ཀྱིས། བོད་དང་ཤིན་ཅང་གི་གནད་དོན་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་སྤྱི་དམངས་ཚོགས་པ་ཁག་དང་དྲ་ཐོག་ནས་བཀའ་མོལ་བྱུང་ཡོད་ལུགས་སོགས་ཀྱང་བརྗོད་འདུག
ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ལྕམ་ Michelle Bachelet མཆོག་རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་དུ་གཟིགས་ཞིབ་ཏུ་ཕེབས་སྐབས། ཁོང་གིས་བོད་ཀྱི་གནད་དོན་དེ་ཁ་གསལ་པོ་དང་ཤུགས་ཆེན་པོའི་ཐོག་གླེང་སློང་དང་། རྒྱ་ནག་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་འཆར་གཞི་དང་ལྡན་པའི་ཐོག་བརྡལ་བཤིགས་བཏང་དང་གཏོང་བཞིན་པ་དེར་སྐྱོན་བརྗོད་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་མ་ཟད་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་ཆུང་བྱིས་པ་ཚོ་ལ་བོད་རང་གི་སྐད་ཡིག་སློབ་གཉེར་བྱེད་སའི་ཁོར་ཡུག་བསྐྲུན་གྱི་མེད་པ་མ་ཟད། རྒྱ་ནག་གི་སྐད་ཡིག་སློབ་གཉེར་བྱེད་བཅུག་ནས་བོད་མི་རིགས་དེ་རྒྱ་མི་རིགས་ཅན་དུ་བསྒྱུར་བཞིན་པའི་གནས་སྟངས་སྐོར་སོགས། སྤྱི་ཁྱབ་པ་མཆོག་གིས་རྒྱ་ནག་ཏུ་གཟིགས་སྐོར་སྐབས་ངེས་པར་དུ་བོད་དོན་གླེང་དགོས་པ་འབོད་བསྐུལ་ཞུས་ཡོད་པ་རེད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས་གསར་འགོད་བསྒྲགས་དེའི་ནང་། རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་གནད་དོན་གླེང་སློང་ཡོང་ཆེད་དུ་དགོས་འདུན་བཏོན་མཁན་དང་ཞུ་གཏུགས་བྱེད་མཁན་ཁྱེད་རྣམ་པའི་དགོས་འདུན་ཤེས་རྟོགས་བྱུང་ཡོད། ཁྱེད་རྣམ་པའི་འཐབ་རྩོད་ཀྱི་ལས་འགུལ་དེ་གལ་ཆེན་པོ་ཞིག་ཡིན་པ་དང་ངའི་རྒྱ་ནག་ནང་གི་བལྟ་བསྐོར་དེ་དང་འབྲེལ་ཡོད་དཔོན་རིགས་དང་གནད་དོན་བྱེ་བྲག་པ་འགའ་ཞིག་གསལ་བཏོན་བྱེད་རྒྱུའི་གོ་སྐབས་བྱུང་སོང་ལ། ད་དུང་མུ་མཐུད་གནད་དོན་དེ་དག་གི་ཐོག་མཇུག་སྐྱོང་བྱེད་རྒྱུ་ཡིན་པའི་སྐོར་གསུངས་འདུག
གཞན་ཡང་ཁོང་གིས་ཤིང་ཅང་གི་ས་ཁུལ་ Kashgar དང་Urumqiགྲོང་ཁྱེར་དུ་ཉིན་གཉིས་རིང་གཟིགས་བསྐོར་གནང་བའི་སྐོར་བརྗོད་འདུག
ཁོང་གིས་གཟིགས་སྐོར་དེ་ཡང་ཞིབ་ཚགས་ཀྱིས་རྟོག་ཞིབ་ཆེད་དུ་མ་ཡིན་པར་རྒྱ་ནག་གི་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་ཆེད་དུ་ཡིན་ལ། དེ་ནི་རྒྱ་ནག་གི་ཆེ་མཐོའི་དཔོན་རིགས་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཐད་ཀར་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཞིག་དང་། ཕྱོགས་ཕན་ཚུན་གྱི་བསམ་ཚུལ་བརྗེ་ལེན་གྱིས་དོན་སྙིང་ལྡན་པའི་མ་འོངས་པའི་འབྲེལ་ལམ་མུ་མཐུད་གནས་ཐབས་ཀྱི་ཆེད་དང་། དེ་བཞིན་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལུག་གཞི་བཟུང་འགན་འཁུར་ཡོང་བར་རམ་འདེགས་ཀྱི་ཆེད་དུ་ཡིན་པ་བརྗོད་འདུག
ཡིན་ནའང་ཁོང་རྒྱ་ནག་ནང་འཚམས་གཟིགས་དང་སྲིད་འཛིན་ཞི་ཅིན་ཕིང་དང་བརྙན་པར་ལམ་ནས་བཀའ་མོལ་གནང་བ་སོགས་ཀྱི་གནད་དོན་ཐད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་དང་། ཕྱི་སྡོད་ཡུ་གུར་མི་རིགས་ཚོས་འདོད་བློ་འཁེངས་པ་ཞིག་བྱུང་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡག་ཏུ་ཕྱིན་ཡོད་ལུགས་གསུངས་པ་རེད་ཟེར་དྲིལ་བསྒྲགས་བྱས་པ་དང་། དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ལྕམ་Michelle Bachelet་རང་ཉིད་ཀྱི་འཆར་བཀོད་གནང་བ་ལྟར་འཚམས་གཟིགས་གོ་བསྒྲིགས་བྱེད་ཡོད་ཅེས་བཤད་ཡོད་པ་རེ།།
ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་པ་རྒྱ་ནག་ནང་འཚམས་གཟིགས་ཕེབས་པ་ནི་ལོ་ངོ་བཅུ་བདུན་རྗེས་ཐོག་མ་དེ་ཆགས་ཡོད་པ་རེད།
གསར་འགོད་པ། བསྟན་ནོར་དང་རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་འགན་འཛིན། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎