མཉམ་འབྲེལ་རྒྱལ་ཚོཊ་ཀྱི་དྲུང་ཆེ་ཡིས་རྒྱ་ནག་པེ་ཅིན་ནས་གསུངས་བ།
2016.07.07

སྤྱི་དམངས་དར་འཕེལ་དང་གསར་འགོད་རང་དབང་ནི་རྒྱ་ནག་གི་གོང་འཕེལ་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་གསུངས་འདུག
པེ་ཅིན་ལ་གཟིགས་སྐོར་གནང་བར་ཕེབས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་Ban Ki-moon་མཆོག་གིས། རྒྱ་ནག་གི་འགོ་ཁྲིད་ཚོར་སྤྱི་དམངས་དར་འཕེལ་དང་གསར་འགོད་རང་དབང་ནི་རྒྱ་ནག་གི་གོང་འཕེལ་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་གསུངས་འདུག
དེ་ཡང་ཚེས་༧ཉིན། རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཡོངས་རྫོགས་ཐོག་རྒྱ་ནག་གིས་བདག་དབང་ཡོད་ཁུལ་བརྗོད་བཞིན་པ་དེ་འོས་འཚམས་ཇི་ཙམ་ཡིན་མིན་སྐོར་ཁྲིམས་དོན་ཐག་གཅོད་གནང་རྒྱུ་ཡིན་པའི་གོང་དེར། རྒྱལ་ཚོགས་ཀྱི་དྲུང་ཆེ་Ban་མཆོག་གིས། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་Wang Yi་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་བདག་དབང་རྩོད་མཁན་རྒྱལ་ཁབ་ཚང་མའི་དབར་ཕན་ཚུན་ཞི་བའི་ལམ་ནས་འགལ་ཟླ་སེལ་ཐབས་བྱེད་དགོས་བ་ནན་བརྗོད་གནང་འདུག
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་Wangདང་Ban Ki-moon་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་སར། རྒྱ་ནག་གཞུང་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་ཞི་བའི་ཐག་གཅོད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ནའང། དབྱེན་འདུམ་ཐག་གཅོད་དེའི་རིགས་ཀྱིས་ཕྱོགས་ཕན་ཚུན་དབར་གྱི་རྩོད་རྙོག་དང་འཐེན་འཁྱེར་ཆེ་རུ་འགྲོ་རྒྱུ་ཡིན་ལུགས་རྒྱ་ནག་གི་ཕྱི་འབྲེལ་བློནཆེན་Wang་གིས་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་Ban Ki-moon་མཆོག་གིས་གསུང་དོན། རྒྱ་ནག་རྒྱལ་ཁབ་དེ་བཞིན་འགྱུར་ལྡོག་དང་བཅོས་བསྒྱུར་གྱི་ལམ་ཐོག་བསྐྱོད་བཞིན་པའི་སྐབས་འདིར། རྒྱ་ནག་གི་འགོ་ཁྲིད་ཚོར་ཞི་བའི་མང་ཚོགས་ལ་རང་ཉིད་ཀྱི་ལས་འགན་འགྲུབ་འཇུག་རྒྱུའི་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་དགོས་རྒྱུའི་སྐུལ་མ་གནང་བ་དང་ཆབས་ཅིག རྒྱ་ནག་ནང་གི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། ཁྲིམས་རྩོད་པ་སོགས་ཀྱིས་སྤྱི་དམངས་དར་འཕེལ་དང་དཔལ་འབྱོར་གྱི་དམིགས་ཡུལ་འགྲུབ་རྒྱུར་འགན་
འཁུར་ལེན་རྒྱུ་གལ་ཆེ་ཡིན་པ་ངོ་སྤྲོད་གནང་འདུག།
དེ་བཞིན་རྒྱལ་ཚོགས་ཀྱི་དྲུང་ཆེ་Ban མཆོག་གིས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁྲིམས་རྩོད་པ། ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཚོས་མི་མང་གི་བསམ་ཚུལ་མཚོན་ཐུབ་རྒྱུ་དང། དཀའ་ངལ་གྱི་གནས་སྟངས་ནང་ལྷུང་པའི་མང་ཚོགས་ཀྱི་འབོད་སྒྲ་འང་ཁོང་ཚོས་གསལ་བཏོན་བྱེད་ཐུབ་རྒྱུ་ཡིན་སྐོར་གསུངས་ཏེ། རྒྱ་ནག་ནང་གསར་འགོད་རང་དབང་སྤྲད་པ་ཡིན་ན་མང་ཚོགས་ཀྱིས་རྒྱལ་ཁབ་ཐོག་མཐོང་ཚུལ་བཟང་དུ་འགྲོ་རྒྱུ་དང། རྒྱ་ནག་གི་དཔལ་
འབྱོར་གོང་འཕེལ་འགྲོ་བ་དང་ཆབས་ཅིག་སོ་སོའི་ཆབ་འབངས་ཡུལ་མི་ཚོར་རྒྱལ་ཁབ་ཀྱི་ཆབ་སྲིད་ནང་འགན་འཁུར་ལེན་རྒྱུ་དང་། ཐེ་བྱུས་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཚེ་འཛམ་གླིང་སྤྱི་ཡོངས་ནས་རྒྱ་ནག་ཐོག་ལྟ་བཏང་ཡག་ཏུ་འགྲོ་རྒྱུར་ཕན་ཐོག་ཡོད་པ་རེད་ཅེས་གསུངས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།