གཞན་གཅེས་འཛིན་གྱི་བསམ་བློ་ནི་དངོས་སུ་གཞན་གཙོ་བོར་བྱེད་ཀྱི་ཡོད་ནའང་། དོན་གྱིས་སོ་སོ་ལ་ཕན་ཐོགས་ཆེན་པོ་ཡོད་པ། ༧གོང་ས་མཆོག་གིས་།

2022.09.16
གཞན་གཅེས་འཛིན་གྱི་བསམ་བློ་ནི་དངོས་སུ་གཞན་གཙོ་བོར་བྱེད་ཀྱི་ཡོད་ནའང་། དོན་གྱིས་སོ་སོ་ལ་ཕན་ཐོགས་ཆེན་པོ་ཡོད་པ། ༧གོང་ས་མཆོག་གིས་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ཚོར། དབུ་མ་འཇུག་པའི་གསུང་ཆོས་ཀྱི་ཉིན་གཉིས་པ་སྤྱི་ཟླ་༩པའི་ཚེས་༡༦ཉིན།
Photo: RFA

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ཚོར། དབུ་མ་འཇུག་པའི་གསུང་ཆོས་ཀྱི་ཉིན་གཉིས་པ་སྤྱི་ཟླ་༩པའི་ཚེས་༡༦ཉིན། ཐོག་མར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ལམ་ནས་ནང་ཆོས་ངོ་སྤྲོད་གནང་བ་དང་འབྲེལ། ཆོས་ཞུ་བ་ཚོར་དྲི་དྲིས་ལན་གྱི་གོ་སྐབས་ཕུལ་ཡོད་ཅིང་། སྐབས་དེར་ཆོས་ཞུ་བ་གཅིག་གིས་རང་ལ་དམིགས་པའི་བྱམས་བརྩེ་སྒོམ་ཐབས་ཀྱི་སྐོར་བཀའ་འདྲི་ཞུས་པར། བྱང་ཆུབ་ཀྱི་སེམས་བསྒོམ་ན་རང་གཞན་གཉིས་ཕན་ཡིན་པ་དང་། གཞན་གཅེས་འཛིན་གྱི་བསམ་བློ་ནི་དངོས་སུ་གཞན་ཕན་གཙོ་བོར་བྱེད་ཀྱི་ཡོད་ནའང་། དོན་གྱིས་སོ་སོ་ལ་སེམས་ལྷོད་ལྷོད་དང་བག་ཕེབས་པོ་ཡོང་བར། ཕན་ཐོགས་ཆེན་པོ་ཡོད་པ་བཀའ་གནང་གི་འདུག

ཡང་ནང་པ་ཚོས་སོ་སོའི་ཕྲུ་གུ་ལོ་ཆུང་ཆོས་ཕྱོགས་སུ་འཁྲིད་ཐབས་ཅི་ཡོད་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཆོས་དད་རང་མོས་ཟེར་བ་དེ་གལ་གནད་ཆེན་པོ་རེད། ཡིན་ནའང་སོ་སོའི་ཕྲུ་གུ་ཚོར་ཆོས་ཀྱི་བསླབ་བྱ་དང་དེབ་དེ་འདྲ་བསྟན་ཆོག་ཅིང་། དེ་སོ་སོའི་བློ་ལ་འབབ་དང་མི་འབབ་ཕྲུག་གུ་ཁོ་རང་གི་རང་དབང་རེད་མ་གཏོགས། ཡིན་གཅིག་མིན་གཅིག་ནང་པ་བྱེད་དགོས་པ་དང་ཆོས་བྱེད་དགོས་རེད་ཅེས་ལབ་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་གི་འདུག

གསུང་ཆོས་འདི་ནི་ལྷོ་ཤར་ཨེ་ཤེ་ཡའི་ནང་པ་ཚོར་དམིགས་པ་ཞིག་ཡིན་ནའང་། རྒྱལ་ཁབ་དང་མི་རིགས་འདྲ་མིན་མང་པོ་ཞིག་ཆོས་ཞུ་ལ་ཕེབས་ཡོད་པས། ཨུ་རུ་སུའི་རྒྱལ་ཁོངས་ཀྱི་བྷོར་ཡཱ་ཐི་སྤྱི་མཐུན་རྒྱལ་ཕྲན་ནས་ཡིན་པ་སོག་རིགས་ཏཱ་ལའི་རཱར་གྷ་ལོ་སི་ལགས་ནས། ཁོ་རང་གི་ནང་མི་ཉེ་འབྲེལ་དང་བཅས་པ་མི་གྲངས་༡༧ཆེད་དུ་གསུང་ཆོས་ལ་བཅར་ཡོད་པ་དང་། ཁོ་རང་དང་ཕ་མ།ཆུང་མ་བུ་ཕྲུག་དང་བཅས་པས་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་བྱུང་བར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

ང་རང་༧གོང་ས་མཆོག་གི་གསུང་ཆོས་ལ་ཐོག་མར་ལཱ་ཊི་ཝི་ཡའི་རྒྱལ་ས་རི་གྷ་ནང་བཅར་རྒྱུ་བྱུང་བ་དང་། ད་རེས་འདི་ནི་གསུང་ཆོས་ཞུས་པ་ཐེངས་མ་གཉིས་པ་དེ་ཡིན་ཅིང་། ང་རང་ཕྲུ་གུ་ལོ་ཆུང་གི་སྐབས་ནས་ཕ་མ་ཚོས་ནང་ཆོས་དང་༧གོང་ས་མཆོག་གི་སྐོར་འགྲེལ་བཤད་མང་པོ་བྱས་མྱོང་བ་མ་ཟད། ངའི་མིང་ལའང་རྨོ་མོ་ལགས་ནས་༧གོང་ས་མཆོག་གི་མཚན་ཟུར་ཅིག་ཆེད་དུ་བཏགས་པ་སོགས་བག་ཆགས་གཏིང་ཟབ་ཡོད་པས། ད་ལྟ་དངོས་སུ་༧གོང་ས་མཆོག་ལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་སོང་།

ཡང་མཱ་ལེ་ཤེ་ཡ་རྒྱལ་ཁབ་ནས་ཡིན་པ་ཧྥུ་ཡན་ཧན་ལགས་ནས། ༧གོང་ས་མཆོག་ལ་མཇལ་བ་ཐོག་མ་དེ་ཡིན་པས། སེམས་ཧ་ཅང་སྐྱིད་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག ངས་བསམས་ན་༧གོང་ས་མཆོག་ནི་འཛམ་གླིང་གི་མི་སེམས་པ་སྐྱིད་ཤོས་དེ་ཡིན་པར་མཐོང་ནས་བྱིན་རླབས་ཀྱི་ནུས་པ་ཆེན་པོ་ཡོད་པར་ཚོར་སོང་ལ། གལ་ཆེ་ཤོས་ནི་ཁོང་གི་ཤེས་རབ་དང་སྙིང་རྗེ་རེད། གསུང་ཆོས་འདི་ལས་ངས་ཁོང་གི་བྱམས་བརྩེ་ཐད་ཀར་ཚོར་ཐུབ་ཀྱི་འདུག་པས། ཁོང་ལ་མཇལ་བ་དང་གསུང་ཆོས་ཞུས་ཏེ་ཧ་ཅང་སྐྱིད་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག།

ཡང་ཧྥི་ལི་ཕིན་སི་རྒྱལ་ཁབ་ནས་ཡིན་པ་ནང་ཆོས་ལ་དད་པ་མི་བྱེད་མཁན། ལྗཱ་ནཱི་ནེའུ་སི་ལགས་ནས། མོ་རང་ལ་ཆོས་དད་མེད་ནའང་ཧ་ཅང་བྱིན་རླབས་དང་སེམས་སྐྱིད་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་། ངའི་ཁྱོ་ག་ནང་པ་ཡིན་པས་ཁོ་དང་ལྷན་དུ་ཡོང་བ་ཡིན་ཏེ། གསུང་ཆོས་ཞུས་ནས་སེམས་སྐྱིད་པོ་དང་ནུས་པ་ཆེན་པོ་ཞིག་ཚོར་སོང་བ་མ་ཟད། ང་རང་ལ་མཚོན་ན་གསུང་ཆོས་འདི་ནི་ཐོག་མ་ཡིན་པས་མང་པོ་ཞིག་སློབ་སྦྱོང་དང་ཉམས་ལེན། ཉམས་མྱོང་བསགས་རྒྱུ་ལྷག་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག།

ལྷོ་ཤར་ཨེ་ཤེ་ཡའི་མི་རིགས་ཚོར་དམིགས་པའི་དབུ་མ་འཇུག་པའི་གསུང་ཆོས་འདིར། འཛམ་གླིང་ཡུལ་གྲུ་ཁག་༥༧ནས་ཕྱི་ནང་གི་མི་མང་དྲུག་སྟོང་ལྷག་བཅར་ཡོད་པ་མ་ཟད། ལྷོ་ཨ་མི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁག། ཨེ་ཤེ་ཡ་དང་ཡོ་རོབ་སོགས་ཀྱི་ནང་ཆོས་ལ་འབྲེལ་ལམ་ཧ་ཅང་ཆུང་བའི་ཡུལ་གྲུ་ཁག་མང་པོ་ནས་ཀྱང་ཆོས་ཞུ་མང་པོ་ཆེད་བཅར་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎