རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་ཡུ་གུར་བ་ཨིལ་ཧིམ་ཐོ་ཧི་ཊིས་ལ་གཟེངས་རྟཊ་ཐོབ་འདུག
2019.10.24

ད་སྐབས་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཚེ་བཙོན་འོག་ཡོད་པའི་ཡུ་གུར་བ་སྐུ་ཞབས་ཨིལ་ཧིམ་ཐོ་ཧི་ཊིས་(Ilham Tohti)་ལགས་ལ་ཡོ་རོབ་གྲོས་ཚོགས་ཀྱི་(Sakharov)་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ་ཡོད་འདུག
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་སྣས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་དོན་ལྟར་ན། ཡོ་རོབ་གྲོས་ཚོགས་ཀྱིས་གཟའ་ཕུར་བུ་ཉིན་ཡུ་གུར་བ་མཁས་དབང་ཨིལ་ཧིམ་ཐོ་ཧི་ཊིས་ལགས་ལ་(Sakharov)་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གནང་ཡོད་འདུག་ལ། ཁོང་ལ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་ཀྱི་ཉེས་འཛུགས་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
འཛེམ་སོན་མེད་པར་སྐད་ཆ་བཤད་ཕོད་མཁན་(IlhamTohti)་ལགས་ནི། སྔོན་མ་པེ་ཅིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡིན་ཞིང་། རྒྱ་ནག་གཞུང་གིས་ཁོང་ལ་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་བྱས་ནས་སྤྱི་ལོ་༢༠༡༤་ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་རྒྱལ་སྤྱིའི་སྟེང་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་རེད།
ད་ལྟ་དགུང་ལོ་༥༠་ཡིན་པའི་ཨིལ་ཧིམ་ཐོ་ཧི་ཊིས་ཀྱིས། ཡུ་གུར་མི་མང་གི་ཆེད་དུ་གཏམ་བརྗོད་གནང་བའི་བློ་སྟོབས་ལ་བསྔགས་བརྗོད་མཚོན་ཆེད་ཉེ་ཆར་ཕྱི་ཟླ་དགུ་བའི་ནང་དུའང་ཡོ་རོབ་ཀྱི་སྙན་གྲགས་ཆེ་བའི་(Vaclav Havel)་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་ཡོད་པ་རེད།