ཨ་རིས་ཐའེ་ལྦན་བདེ་འཇགས་སྲུང་སྐྱོབ་ཐད་མཉམ་ལས་གནང་རྒྱུ།

ཨ་རི་གཞུང་གིས་མུ་མཐུད་ནས་ཐའེ་ལྦན་དང་བདེ་འཇགས་སྲུང་སྐྱོབས་ལས་དོན་ཐོག་མཉམ་ལས་གནང་རྒྱུ་ཡིན་པ་ཨ་རིའི་སྐུ་ཚབ་ནས་གསུང་བཞག

2009.06.26

༄༅༎ཨ་རི་གཞུང་གིས་མུ་མཐུད་ནས་ཐའེ་ལྦན་དང་བདེ་འཇགས་སྲུང་སྐྱོབས་ལས་དོན་ཐོག་མཉམ་ལས་གནང་རྒྱུ་ཡིན་པ་ཨ་རིའི་སྐུ་ཚབ་ནས་གསུང་བཞག

རྒྱ་ནག་གཞུང་གིས་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་མིན་ལ་མ་ལྟོས་པར་ཨ་རི་གཞུང་གིས་ཨ་རི་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་སྲིད་ཇུས་གཞིར་བཟུང་ཐའེ་ལྦན་དང་མཉམ་དུ་བདེ་འཇགས་སྲུང་སྐྱོབས་ཀྱི་དམག་དོན་ལས་དོན་ཐོག་མུ་མཐུད་ནས་མཉམ་ལས་གནང་རྒྱུ་ཡིན་པ་ཐའེ་ལྦན་ནང་ཡོད་པའི་ཨ་རིའི་སྐུ་ཚབ་དོན་གཅོད་སི་ཊི་ཕེན་ཡཱང་ཡིས་གསུངས་ཡོད་པ་རེད། ད་རེས་ཨ་རིའི་སྐུ་ཚབ་དོན་གཅོད་ནས་གོང་ཞུས་བཀའ་མོལ་དེ་གནང་དགོས་དོན་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ཨ་རིས་ཐའེ་ལྦན་ལ་ཨ་སྒོར་ཐེར་འབུམ་དྲུག་ལྷག་གནས་པའི་དམག་དོན་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པའི་རྗེས་གནང་བ་ཞིག་ཡིན་པ་དང་སྐུ་ཞབས་སི་ཊི་ཕེན་ཡཱང་ཡིས་ཁོང་ཐའེ་ལྦན་ནང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་རིང་གི་གསར་འགོད་ལྷན་ཚོགས་མཐའ་མ་དེའི་ཐོག་གསུངས་ན་ཨ་རིས་འདས་པའི་ལོ་ངོ་སུམ་ཅུའི་རིང་ཐའེ་ལྦན་གྱི་སྲུང་སྐྱོབ་ལས་དོན་དེ་བཞིན་ཨ་རི་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་སྲིང་བྱུས་བཞིན་རྒྱུན་འཁྱོངས་བྱས་ཡོད་པ་དང་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་གི་སྲིད་བྱུས་དང་དེ་བཞིན་ཐའེ་ལྦན་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ཐོག་གི་སྲིད་ཇུས་ཁག་ཡང་དེ་སྔོན་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ལས་འགྱུར་ལྡོག་གང་ཡང་མེད་པ་གསལ་སྟོན་གནང་ཡོད་པ་མ་ཟད་ཨ་རིའི་གཞུང་གསར་པའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་སྲིད་དབང་འཛིན་པའི་རྗེས་གོང་གི་སྲིད་བྱུས་ཁག་ལ་འགྱུར་ལྡོག་གཏོང་རྒྱུའི་དགོངས་གཞི་གང་ཡང་མེད་ལུགས་གསལ་སྟོན་གནང་ཡོད་པ་རེད། ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སི་ཊི་ཕེན་ཡཱང་ཡིས་མུ་མཐུད་གསུང་བར་ཨ་རིའི་གཞུང་གསར་པས་ཐའེ་ལྦན་ལ་སྲུང་སྐྱོབ་ཀྱི་གོ་མཚོན་དགོས་ངེས་ག་རེ་ཡིན་མིན་ཞིབ་འཇུག་གནང་ཏེ་དུས་ཚོད་ངེས་གཏན་ཞིག་གི་ཐོག་ཕྱིར་བསྒྲགས་གནང་རྒྱུར་ཁོང་གི་ཡིད་ཆེས་གནང་གི་ཡོད་པ་དང་ཡིན་ན་ཡང་ཨ་རི་གཞུང་གིས་ཐའེ་ལྦན་དང་ཨ་རིའི་དབར་གྱི་འབྲེལ་ལམ་སྲིད་བྱུས་དང་འབྲེལ་བའི་ལས་དོན་ཐ་དག་ཐོག་རྒྱ་ནག་གཞུང་གི་བསམ་འཆར་ཉན་འཇོག་བྱེད་དགོས་དོན་གང་ཡང་མེད་པ་དེ་ནི་གཏན་འཁེལ་ནས་བཤད་ཐུབ་པ་ཞིག་ཡིན་པའི་སྐོར་གསུངས་བཞག སྐུ་ཞབས་སི་ཊི་ཕེན་ཡཱང་ད་ལོ་ཕྱི་ཟླ་བདུན་པ་ནས་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙང་གི་ཡོད་པ་དང་ད་ལྟའི་ཆར་སྐུ་ཚབ་གསར་པ་སུ་གཏོང་མིན་ཨ་རི་ཕྱོགས་ནས་ཕྱིར་བསྒྲགས་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎