འགྲོ་བ་མིའི་ཐོབ་ཐང་སྐོར་༢༠༡༡་ལོའི་ལོ་འཁོར་སྙན་ཐོ།
2012.05.25
༄༅༎ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཁ་ས་ཕྱི་ཚེས་༢༤ཉིན་འཛམ་གླིང་ཡུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་ཅིང་ དེའི་ནང་ནས་རྒྱ་ནག་གི་སྐོར་ལ་ཤོག་གྲངས་༡༤༢ཙམ་འཁོད་ཡོད་པའི་ནང་ རྒྱ་ནག་དེ་བཞིན་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མིང་འདོན་གནང་བ་དང་འབྲེལ་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་འཁོད་ཡོད་པར་ དེ་རིང་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་ཀྱི་ལན་འདེབས་བྱས་ཡོད་པ་རེད་
ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ ཐང་གནས་སྟངས་ཀྱི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཏོན་པའི་ནང་ ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ནང་རྒྱ་ནག་གི་སྤྱི་འབངས་ཚོར་འོས་འདེམས་ཐོག་ནས་སྲིད་གཞུང་འགྱུར་ལྡོག་གཏོང་རྒྱུའི་ཐོབ་ཐང་མེད་པ་དང་ དེ་བཞིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་གནད་དོན་མང་པོ་ཞིག་ཡོད་པ་གསལ སྟོན་གནང་བའི་ནང་ ཁྲིམས་གཏུགས་མ་བྱས་པར་མི་གང་བྱུང་སྲོག་ཐོག་གཏོང་ཡས་དང་ གང་བྱུང་འཛིན་བཟུང་བཀག་ཉར་བྱེད་ཡས་ ཁྲིམས་རྩོད་པ་དང་ གསར་འགོད་པ་ རྩོམ་པ་པོ་དེ་བཞིན་ རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོར་རྡུང་རྡེག་བཏོང་ཡས་ལྷག་པར་དུ་ སྨྲ་བརྗོད་རང་དབང་གི་ཁོངས་སུ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་བཙུགས་པའི་་རྒྱ་སྐད་དང་བོད་སྐད་ ཡུ་གུར་སྐད་ཀྱི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ས་གནས་མི་མང་ཚོར་ཉར་རྒྱུར་འགོག་རྐྱེན་བཟོ་གི་ཡོད་པ་སོགས་འཁོད་ཡོད་ཅིང་ ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་བྱས་པའི་རྗེས་ དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཨ་རིས་བཏོན་པའི་ཉིས་སྟོང་བཅུ་གཅིག་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནི་རྒྱལ་ཁབ་གཞན་ལ་གང་བྱུང་བཤད་པ་རྒྱབ་པ་དང་ རྒྱ་ནག་གི་གནད་དོན་ཐད་བཏོན་པའི་དོན་ཚན་ཁག་ནི་དོན་དང་ཡོངས་སུ་རྒྱབ་འགལ་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད་