ཉིས་སྟོང་བཅུ་ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐོར།

འབར་མའི་ནང་ཉིས་སྟོང་བཅུའི་རྒྱལ་ཡོངས་འོས་བསྡུ་ཡིད་ཆེས་བྱེད་ཆོག་པ་ཞིག་འབྱུང་མིན་ཐད་ཨ་རིའི་གཞུང་གིས་དོགས་པ་ཆེན་པོ་ཡོད་པ།

2010.01.05

༄༅༎འབར་མའམ་མཡན་མར་དྲག་པོའི་གཞུང་གིས་ཉིས་སྟོང་བཅུའི་ནང་རྒྱལ་ཡོངས་འོས་བསྡུ་གཉེར་རྒྱུའི་གསལ་བསྒྲགས་བྱས་ཀྱང་འོས་བསྡུ་ཡིད་ཆེས་བྱེད་ཆོག་པ་ཞིག་འབྱུང་མིན་ཐད་ཨ་རིའི་གཞུང་གིས་དོགས་པ་ཆེན་པོ་ཡོད་པ་དང་འབར་མའི་དྲག་པོའི་གཞུང་འཛིན་པ་ཚོས་ཁ་གཏད་སྲིད་དོན་ཚོགས་པ་དང་གྲངས་ཉུང་མི་རིགས་ཚོ་འོས་བསྡུའི་ལས་རིམ་གྱི་ནང་མཉམ་ཞུགས་ཡོང་ཐབས་བྱ་དགོས་པའི་དགོས་འདུན་བཏོན་གནང་འདུག།

ཁ་ས་གཟའ་ཟླ་བའི་ཉིན་འབར་མ་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་༦༢འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐབས་དྲག་པོའི་གཞུང་གི་དམག་སྤྱི་ཐན་ཤལྦེས་ཕྱི་ལོ་ཉིས་སྟོང་བཅུ་ནང་གཉེར་རྒྱུའི་རྒྱལ་ཡོངས་འོས་བསྡུའི་སྐབས་འབར་མའི་མི་དམངས་ཀྱིས་འདེམས་ཁ་མ་ནོར་བའི་ཐོག་ནས་འོས་འཕེན་དགོས་ལུགས་བརྗོད་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨིཡེན་ཀེ་ལིས་ཨ་མི་རི་ཀའི་གཞུང་ནས་འབར་མའི་རྒྱལ་ཡོངས་ཀྱི་འོས་བསྡུའི་བྱ་རིམ་གྱི་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་གསུངས་པ་དང་ འོན་ཀྱང་ཁོང་གིས་ད་བར་འབར་མའི་དྲག་པོའི་གཞུང་གིས་འོས་བསྡུ་དེ་ཡིད་ཆེས་འཕེར་ངེས་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་ཨ་མི་རི་ཀའི་གཞུང་གིས་གཟིགས་ཚུལ་གང་ཡང་མ་བྱུང་ཞེས་གསུངས་འདུག་ལ་ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨིཡན་ཀེ་ལིས་འབར་མའི་སྲིད་དོན་ཁ་གཏད་ཚོགས་པའི་འགོ་འཁྲིད་མང་ཆེ་བ་ད་དུང་ཡང་བཙོན་ཁང་ཁག་ནང་ཡོད་མུས་ཡིན་པ་དང་ གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་རང་ཉིད་ཀྱི་བསམ་ཚུལ་ཤོད་པའི་ཐོབ་ཐང་རྩ་བ་ནས་མེད་པར་མ་ཟད་ གསར་འགོད་རང་དབང་ཡང་རྩ་བ་མེད་པ་གསལ་བཤད་གནང་པ་དང་དུས་མཚུངས་ འབར་མའི་དྲག་པོའི་གཞུང་ལ་ཡུལ་གྱི་ནང་མང་གཙོའི་བཅོས་བསྒྱུར་ཚད་ཐུབ་འཕེར་ངེས་ཞིག་འབྱུང་རྒྱུར་སྲིད་དོན་ཁ་གཏད་ཚོགས་པའི་དབུ་འཁྲིད་ལྕམ་ཨང་སང་སུ་ཅི་འོས་བསྡུའི་བྱ་རིམ་གྱི་ནང་ངེས་པར་མཉམ་ཞུགས་ཡོང་བ་བཟོ་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད།

གལ་ཏེ་འབར་མའི་ནང་འདི་ལོ་རྒྱལ་ཡོངས་འོས་བསྡུ་གཉེར་ཚེ་འདི་ནི་ཕྱི་ལོ་༡༩༩༠་ཐམ་པའི་ལོའི་རྗེས་ཀྱི་འོས་བསྡུ་དང་པོ་དེ་ཆགས་རྒྱུ་ཡིན་པ་དང་༩༠ཐམ་པའི་འོས་བསྡུའི་སྐབས་འབར་མའི་མང་གཙོ་ཚོགས་པར་རྒྱལ་ཁ་ཧ་ཅང་ཆེན་པོ་ཐོབ་ཡོད་ཀྱང་དྲག་པོའི་དབང་འཛིན་པ་ཚོས་སྲིད་དབང་རྩིས་སྤྲོད་བྱས་མེད་པའི་ཁར་ ད་དུང་ལྕམ་ཨང་སང་སུ་ཅི་འདས་པའི་ལོ་ཉི་ཤུའི་རིང་གི་དུས་ཡུན་མང་ཆེ་བ་བཟང་བཙོན་འོག་བཞག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎