ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དོ་འཁུར།
2009.02.11
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུཤི་མཆོག་གིས་འདས་པའི་མི་ལོ་བརྒྱད་རིང་རྒྱ་ནག་དང་འབྲེལ་བ་གནང་སྐབས་དཔལ་འབྱོར་གྱི་གནད་དོན་གཙོ་བོར་བཞག་སྟེ་གནད་འགག་དེ་ལ་གཞིགས་པའི་ཤུགས་སྣོན་བཀྱོན་ཡོད་རུང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མའི་སྲིད་གཞུང་གིས་རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་སྐབས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ནུས་ཤུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་ཐུགས་སྣང་དམིགས་བསལ་གནང་སྟེ་མདོར་ན་ཨ་མི་རི་ཀའི་ད་ལྟའི་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་བ་གནང་སྟངས་ཁ་ཕྱོགས་བསྒྱུར་རྒྱུ་ཡིན་པ་རེད། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་ཐད་ལ་ཞིབ་འཇུག་གནང་མཁན་མཁས་དབང་ཁག་གིས་བརྗོད་བཞིན་པར་ལྟར་ན་ཨ་མི་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མའི་དགོངས་པ་གཞིར་བཟུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཀྱང་རིང་མིན་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་དང་འབྲེལ་བ་དངོས་སུ་འགོ་འཛུགས་གནང་སྐབས་དཔལ་འབྱོར་གྱི་གནད་དོན་གཙོ་བོར་མ་བཞག་པར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་ཤིན་ཏུ་མཁོ་གནས་ཆེ་བའི་ནུས་ཤུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་ཐུགས་སྣང་དང་ཐུགས་འཁུར་དམིགས་བསལ་བཞེས་རྩིས་གནང་གི་ཡོད་ནའང་རྒྱ་ནག་གཞུང་གིས་ཚོར་བ་རྣོ་པོར་བརྩི་བའི་བོད་ཀྱི་གནད་དོན་ཐད་ལ་གླེང་སློང་གནང་སྐབས་ཉེན་ཁ་ཕྲན་བུ་འཕྲད་སྲིད་པ་ཡིན་པ་རེད།