ཨ་རིས་ལི་བི་ཡར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་ཐག་གཅོད།
2011.02.26
༄༅༎ལི་བི་ཡའི་འགོ་ཁྲིད་མོའོ་མར་ག་རྡི་ཕི་དང་ཁོང་གིས་གཙོ་སྐྱོང་སྣེ་འཁྲིད་བྱས་པའི་གཞུང་དེ་སྲིད་དབང་ནས་མར་བབས་དགོས་པ་དང་དམངས་གཙོ་དང་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་དང་བཏོན་བཞིན་པའི་ཞི་བའི་མི་མང་གི་རང་དབང་ཐོག ཤིན་ཏུ་ལྕི་བའི་དྲག་གནོན་བྱས་ཏེ་ད་ལྟའི་འཆར་ཉུང་མཐར་ཡང་མི་གྲངས་སྟོང་ཕྲག་བརྒལ་བ་རྐྱེན་ལམ་དུ་བཏང་ཡོད་པ་རེད། དེ་འདྲའི་མི་ཆོས་ལས་འདས་པའི་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་སླད་དུ་རྒྱལ་ཁབ་དེའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་འདྲ་མིན་ཚ་ནན་གཏོང་རྒྱུའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནང་གཏན་འཇགས་དང་རེ་མོས་བྱས་ཏེ་ཞུགས་པའི་རྒྱལ་ཁབ་གྲངས་༡༥ས་དེ་རིང་རྫ་དྲག་གི་ཚོགས་འདུ་ཚོགས་བཞིན་པ་རེད། ཚོགས་འདུ་དེའི་ནང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་གཙོས་པའི་དབྱིན་ཡུལ་དང་ཕ་རན་སི་ ཇར་མ་ནི་བཅས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པ་ཚོ་དང་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་བཅས་ཀྱིས་དཔལ་འབྱོར་ཉེས་ཆད་ལས་ལྷག་པའི་ལི་བི་ཡའི་འགོ་ཁྲིད་མོའོ་མར་ག་རྡ་ཕིའི་བྱ་སྤྱོད་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནག་ཅན་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱེད་རྒྱུའི་གྲས་སུ་འཇུག་རྒྱུའི་དགོངས་ཚུལ་ཡང་འདོན་གྱི་ཡོད་པ་རེད།།