ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་འཚོང་རྒྱུར་འགྱུར་བ་མེད་པ།
2008.07.19
༄༅༎ཨ་མི་རི་ཀའི་མཚོ་གླིང་མངའ་སྡེ་ ཧ་ལྦཡི་ ནང་རྟེན་གཞི་བྱས་པའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཨ་མི་རི་ཀའི་མཚོ་དམག་སྡེ་ཚན་གྱི་དམག་སྤྱི་ ཀྲི་མ་ཐི་ཀི་ཀྲིང་ མཆོག་གིས་ཉེ་ཆར་གཟའ་ལྷག་པའི་ཉིན་ཨ་མི་རི་ཀས་ཐའེ་ལྦན་ལ་མཚོན་ཆ་འཚོང་འགྲེམས་བྱ་རྒྱུ་གནས་སྐབས་བཀག་རྒྱུ་གནང་བ་རེད་ཅེས་ཨ་མི་རི་ཀའི་རྒྱལ་སའི་ནང་གསུང་ཡོད་ཀྱང་ ཉི་མ་གཉིས་ཀྱི་རྗེས་སུ་ཁ་ས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་གོ་ལག་མཚོན་ཆའི་རིགས་འཚོང་རྒྱུའི་སྲིད་བྱུས་ལ་འགྱུར་བ་མེད་པར་རང་འཇགས་རེད་ཅེས་ ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཤོན་མེ་ཀོར་མིག་ གིས་ཁ་ས་གསལ་བསྒྲགས་གནང་ཡོད་པ་རེད་
ཁོང་གིས་མུ་མཐུད་དེ་ ཨ་མི་རི་ཀ་དང་ཐའེ་ལྦན་གྱི་འབྲེལ་བའི་ཁྲིམས་གཞིའི་ནང་དོན་གཞིར་བཟུང་ ཐའེ་ལྦན་གྱིས་ སོ་སོའི་སྲུང་སྐྱོབ་ཀྱི་དགོས་མཁོ་ཁག་ལྡེང་ངེས་བཞིན་པ་རྒྱུན་འཁོངས་ཐུབ་པའི་ཆེད་དུ་མེད་དུ་མི་རུང་བའི་མཚོན་ཆའི་རིགས་ ཨ་མི་རི་ཀའི་གཞུང་གིས་མཁོ་སྤྲོད་གནང་གི་ཡོག་རེད་ཅེས་དང་ དེ་ནི་ཨ་མི་རི་ཀའི་སྲིད་བྱུས་རེད་ཅེས་གསར་འགོད་པ་ཚོའི་འདྲི་བར་བཀའ་ལན་ཐུང་ཐུང་ཞིག་གནང་ཡོད་པ་རེད་ ཐའེ་ལྦན་གཞུང་གིས་ཀྱང་ ཟླ་བ་འདིའི་ཚེས་ ༡༧ ཉིན་ཐའེ་ལྦན་གྱི་སྲུང་སྐྱོབ་ལ་ཉེ་བར་མཁོ་བའི་གོ་མཚོན་རིགས་ཨ་མི་རི་ཀ་ནས་མུ་མཐུད་ཉོ་གི་ཡིན་ཞེས་གསལ་བསྒྲགས་གནང་ཡོད་པ་རེད།