ཨ་རིས་མ་འོངས་ཐའེ་ལྦན་ལ་གོ་མཚོན་སྔར་བས་མང་བ་ཚོང་འགྱུར།
2010.03.19
༄༅༎ཁ་ས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ནས་རྒྱ་ནག་གཞུང་གིས་དམག་དོན་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་པ་དེས་ཐའེ་ལྦན་མཚོ་གླིང་གི་རང་སྲུང་གནས་སྟངས་ལ་ཉེན་ཚབས་བཟོ་རྒྱུ་ཡིན་པར་བརྟེན་མ་འོངས་པར་ཡང་ཨ་རིས་ཐའེ་ལྦན་ལ་གོ་མཚོན་དེ་བས་མང་བ་ཚོང་འགྱུར་བྱ་སྲིད་པའི་སྐོར་གསུང་ཡོད་པ་རེད་ ཨ་རིའི་ཕྱི་སྲིད་ལས་ཁང་གི་ཨི་ཤི་ཡ་སྡེ་ཚན་གྱི་འགན་འཛིན་ཕྱག་རོགས་ཌེ་ལྦི་ཌི་ཤི་ཡར་ཡིས་ཨ་རིའི་གྲོས་ཚོགས་སུ་ལས་དོན་སྙན་སྒྲོན་གནང་བའི་སྐབས་གསུང་ན་ ཨ་རི་གཞུང་གིས་ཨ་རིའི་གྲོས་ཚོགས་ནས་དེ་སྔོན་གཏན་འེབས་གནང་བའི་་ཐའེ་ལྦན་གྱི་འབྲེལ་ལམ་སྲིད་བྱུས་གཞིར་ཟུང་ཐའེ་ལྦན་ལ་རང་སྲུང་གི་གོ་མཚོན་ཚོང་འགྱུར་བྱ་རྒྱུ་དང་ཐའེ་ལྦན་ལ་རྒྱ་ནག་དང་དམག་དོན་ཐོག་ནས་ཁ་གཏད་ཐུབ་པའི་གདེང་ཚོད་ངེས་པར་དུ་དགོས་པར་བརྟེན་ དེ་ལྟར་ཡོང་རྒྱུར་ཨ་རི་གཞུང་གིས་ཐའེ་ལྦན་ལ་དགོས་ངེས་ཀྱི་གོ་མཚོན་ཚོང་འགྱུར་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་གསུང་ཡོད་པ་རེད་ དེང་སྐབས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་མིན་ལ་མ་ལྟོས་པར་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཨ་རིས་ཐའེ་ལྦན་ལ་F16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་འགྱུར་ཡོང་རྒྱུའི་དགོས་འདུན་བཏོན་གྱི་ཡོད་ཅིང་ཉེ་བའི་ཆར་ཐའེ་ལྦན་སྲུང་སྐྱོབ་ལས་ཁང་གིས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནང་ཚུད་མཁའ་ཐོག་དམག་དཔུང་གི་སྟོབས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་ ཡིན་ནའི་ཐའེ་ལྦན་གྱི་མཁའ་དམག་གི་སྟོབས་ཤུགས་དེ་ཙམ་མེད་པའི་ཁར་དེའི་སྔོན་ནས་ཡོད་པའི་མཁའ་ཐོག་དམག་གི་གནམ་གྲུ་ཡང་མང་པོ་ཞིག་དོན་དངོས་དམག་འཐབ་བྱུང་ཚེ་བེད་སྤྱོད་མེད་པར་བརྟེན་ཐའེ་ལྦན་གཞུང་གིས་ཨ་རི་ནས་དེང་དུས་ཀྱི་F16རྟགས་ཅན་གྱི་དམག་གི་གནམ་གྲུ་ཉོ་སྒྲུབ་བྱ་རྒྱུ་དེ་དགོས་ངེས་ཤིག་ཆགས་ཡོད་པའི་སྐོར་འཁོད་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྱུར་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་ཅིང་ད་ལོ་ཕྱི་ཟླ་དང་པོའི་ནང་ཨ་རིས་ཐའེ་ལྦན་ལ་དམག་དོན་གོ་མཚོན་ཁག་ཅིག་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་གནང་བར་བརྟེན་ནས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་ཡོད་པ་དང་ཡིན་ནའི་ཨ་རིའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ཤི་ཡར་ཡིས་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱ་རྒྱུའི་གནད་དོན་ཐོག་རྒྱ་ནག་གི་ཚུར་སྣང་ལན་འཆར་དེ་ཡང་ཨ་རིས་ཚོད་དཔག་བྱས་པ་ལས་ལྷག་པ་ཞིག་ཡོང་མི་སྲིད་པ་གསུང་འདུག