ཐེ་དབན་ལ་གནམ་གྲུ་ཚོང་འགྲེམས་དགོས་པའི་སྐུལ་མ།
2011.06.17
༄༅༎ཁ་ས་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ངོ་བོ་དབྱེ་མེད་ཀྱི་ཐོག་ནས་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་གཞུང་ལ་ཐེ་དབན་གྱི་སྲུང་སྐྱོབ་ཀྱི་དགོས་མཁོར་ཨི་རིའི་གཞུང་གིས་ཐེ་དབན་ལ་ཨ་རིའི་ཚད་མཐོའི་གནམ་དམག་གི་གནམ་གྲུ་-ཨེཕབ་-༡༦་རྟགས་ཅན་ཕྱི་ཚོང་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་ན་ རོསི་ལེན་ཊི་ནི་ཡིས་ རྒྱ་ནག་གིས་ཐེ་དབན་ལ་དམིགས་ཏེ་མེ་ཤུགས་འཕུར་མདའ་ཆིག་སྟོང་དྲུག་བརྒྱ་ལྷག་བཙུགས་ཏེ་ཡོད་པར་ ཐེ་དབན་ལ་ཉེན་ཚབས་དང་འཇིགས་སྐུལ་དེ་ལྟ་བུར་གདོང་ལེན་བྱ་དགོས་ཀྱི་ཡོད་ལ་ རང་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ཆེད་ཐེ་དབན་ལ་ཨ་རིའི་ཚད་མཐོའི་གནམ་དམག་གི་གནམ་གྲུ་ཨེཕབ་༡༦རྟགས་ཅན་དེ་ཛ་དྲག་གི་དགོས་མཁོ་འགྱུར་ཡོད་པ་གསུངས་ཡོད་པ་རེད་
ཁོང་གི་ཕྱག་འབྲེལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧ་ལྦ་ཊ་སྦར་མན་གྱིས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་ ཐེ་དབན་ལ་ཡོད་པའི་དེ་སྔའི་གནམ་དམག་གི་གནམ་གྲུ་མང་པོ་ཞིག་བེད་སྤྱོད་མི་ཐུབ་པ་འགྱུར་བཞིན་ཡོད་ན་ གྲོས་ཚོགས་ནས་གཏན་འབེབས་འགན་འཁུར་ནང་ ཐེ་དབན་གྱི་དགོས་མཁོ་དེ་དག་གྲུབ་དགོས་ཀྱི་ཡོད་པ་ལྟར་གཞུང་གིས་གྲོས་ཚོགས་ལྷན་ མཉམ་ལས་གནང་བའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད་
ཐེ་དབན་གྱི་སྲིད་འཛིན་མ་ཡན་ཇུས་གཞུང་གི་འགན་འཁུར་བཞེས་པ་ནས་བཟུང་རྒྱ་ནག་ལྷན་བསྟུན་མཁས་ཀྱིས་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ལ་གཙོ་དོན་གནང་ཡོད་ཀྱང་ ཨ་རིའི་གཞུང་ལ་ཐེ་དབན་གྱི་རྒྱལ་སྲུང་ཆེད་ཨ་རིའི་ཚད་མཐོའི་གནམ་དམག་གི་གནམ་གྲུ་ཨེཕབ་༡༦རྟགས་ཅན་དང་ གཞན་ཡང་མཚོ་འོག་གི་དམག་གྲུ་སོགས་ཚད་མཐོའི་གོ་མཚོན་ཁག་ཅིག་ཕྱིར་བཙོང་ཡོང་བའི་ཞུ་སྐུལ་ཤུགས་ཆེ་གནང་གི་ཡོད་པ་རེད་
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་རོསི་ལེན་ཊི་ནི་ཡིས་ ཁོང་ལ་ཨ་རིའི་གཞུང་གི་དཔོན་རིགས་ཁག་ཅིག་གིས་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ཆེ་རུ་འགྲོ་བཞིན་པར་ དང་ལེན་ལྟ་བུར་ ཐེ་དབན་ལྷན་གྱི་འབྲེལ་བ་འདི་ཤུགས་ཆུང་རུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་ཀྱང་ ཡོང་གི་འདུག་ཅེས་དང་གལ་ཏེ་དེ་ལྟར་གནང་བ་ཡིན་ན་ དེ་ནི་སྲིད་བྱུས་ནོར་འཁྲུལ་ཆེན་པོ་ཞིག་དང་ འདིའི་ཤུགས་རྐྱེན་ཡང་ཧ་ཅང་གི་ཆེན་པོ་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད་