ཨ་རིའི་གྲོས་ཚོཌ་འཐུས་མིས་བཀའ་ཁྲི་གསར་པར་འཚམས་འདྲི།
2011.08.09
༄༅༎འབུམ་རམ་པ་བློ་བཟང་སེང་གི་མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་ཁྲིའི་མཛད་འགན་བཞེས་པའི་དམ་འབུལ་གྱི་མཛད་སྒོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལི་སྦར་མེན་མཆོག་གིས་འཚམས་འདྲི་གནང་ཡོད་པའི་གནས་ཚུལ་ཐོན་འདུག་།
ཁ་ས་ཚེས་༨ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་ཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ སྐབས་གསུམ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲིར་འདེམས་ཐོན་བྱུང་བ་ འབུམ་རམ་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་དྲུང་དུ་བཀའ་བློན་ཁྲི་པའི་དམ་འབུལ་གནང་ཡོད་པ་དང་ དམ་འབུལ་གྱི་མཛད་སྒོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་སེཕ་ལི་སྦར་མེན་མཆོག་གིས་བློ་བཟང་སེང་གེ་མཆོག་དང་ གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲིའི་ཕྱག་བྲིས་གནང་བཞག་ འཚམས་འདྲིའི་ནང་འཁོད་པར་ མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་དམ་འབུལ་ཞུ་རྒྱུའི་ཉིན་མོར་ངས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ ཨ་རིའི་རྒྱལ་ཁབ་ཀྱིས་མང་གཙོའི་རིང་ལུགས་ཐོག་བསྐྱོད་མཁན་ཚང་མར་རང་བཞིན་གྱིས་སེམས་ཐག་ཉེ་པོ་དང་ མཛའ་བརྩེའི་འབྲེལ་ལམ་ཡོང་བཞིན་ཡོད་ དེར་བརྟེན་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཧ་ཅང་གལ་གནད་ཆེ་བའི་དེ་རིང་གི་ཉིན་མོ་འདིར་ ཨ་རི་དང་བོད་མི་དབར་གྱི་འབྲེལ་ལམ་སྔར་ལས་ཐག་ཉེ་རུ་ཕྱིན་ཡོད་ བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་ཀྱི་ཤེས་རབ་དང་ ཡང་དག་པའི་ལམ་སྟོན་ དེ་བཞིན་བཀའ་ཁྲི་མཆོག་གི་ཆབ་སྲིད་ཀྱི་ལམ་སྟོན་འོག་འབྱུང་འགྱུར་བོད་མིའི་འཐབ་རྩོད་རྒྱུན་འཁྱོངས་ཡོང་རྒྱུར་ངས་མཐའ་གཅིག་ཏུ་ཡིད་ཆེས་ཞུ་རྒྱུ་དང་ ལོ་རྒྱུས་ལྡན་པའི་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་ དེ་རིང་ངས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་རེད་།།