བོད་ཀྱི་ཆུ་དང་ཁོར་ཡུག་ཐད་བདེན་དཔང་རྒྱབ་གཉེར་གྱི་སྙན་ཐོ།
2012.01.27
༄༅༎ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚོང་དོན་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་ལ་་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆུ་དང་ཁོར་ཡུག་ཐོག་བདེན་དཔང་རྒྱབ་གཉེར་གྱི་སྙན་ཐོ་ཞིག་ཕུལ་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཕྱི་ཟླ་དང་པོའི་ཚེས་༢༦ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚོང་དོན་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་ལ་་བོད་མིའི་སྒྲིག་ཛུགས་ཀྱིས་མཐོ་སྒང་བོད་ཀྱི་ཆུ་དང་ ཁོར་ཡུག་བདེན་དཔང་རྒྱབ་གཉེར་གྱི་སྙན་ཐོ་ཞིག་ཕུལ་ཡདོ་ཅིང་ སྙན་ཐོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་ཚན་པས་འདོན་སྤེལ་གནང་བ་ཞིག་ཡིན་པ་དང་ སྙན་ཐོ་དེའི་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་བྱུང་བའི་ཉེར་ལེན་ལ་བརྟེན་ནས་ཨེ་ཤི་ཡའི་ནང་ཤུགས་རྐྱེན་ཇི་བྱུང་དང་ བོད་ཀྱི་རྒྱུག་ཆུ་ཁག་ལ་ཆུ་རགས་བརྒྱབ་པ་ མཐོ་སྒང་བོད་དང་ཨེ་ཤི་ཡའི་ཆར་དུས་ཀྱི་འབྲེལ་བ་ མཐོ་སྒང་བོད་ཀྱི་རྩྭ་ཐང་བདག་གཅེས་ འབྲོག་པ་གནས་སྤོས་བྱེད་བཅུག་པའི་གནས་སྟངས་སྐོར་སོགས་འཁོད་ཡོད་པ་རེད་ དེ་བཞིན་ལྷོ་ཤར་ཨི་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ནང་གི་མི་མང་ཚོས་མཐོ་སྒང་བོད་ནས་རྒྱུག་པའི་ཆུར་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་པ་དང་ བོད་ནང་གི་ཁོར་ཡུག་ལ་ཉམ་ཆགས་ཆེན་པོ་འགྲོ་བཞིན་པ་དང་བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རགས་མང་པོ་བརྒྱབ་ཡས་སོགས་ཀྱིས་བོད་ནས་རྒྱུག་པའི་ཆུར་བརྟེན་མཁན་གྱི་ཨི་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ནང་གི་མི་མང་ཚོའི་འཚོ་བརྟེན་ལ་ཐད་ཀར་གནོད་ཚབས་བཟོ་ཡི་ཡོད་པ་མ་ཟད་ རྒྱལ་ཁབ་དེ་ཚོའི་མ་འོངས་འཕེལ་རྒྱས་ལ་ཡང་ཐད་ཀར་གནོད་འཚེ་ཕོག་རྒྱུ་ཡིན་པ་སོགས་ མཐོ་སྒང་བོད་ཀྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེས་བོད་གཅིག་པུ་མིན་པར་རྒྱལ་ཁབ་མང་པོའི་ཁེ་ཕན་ཚུད་ཀྱི་ཡོད་པར་བརྟེན་ནས་ཨ་རི་གཞུང་དང་ རྒྱ་ནག་དང་དེ་བཞིན་གཞུང་འབྲེལ་མིན་པའི་རོགས་ཚོགས་ཁག་དང་མཉམ་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཕན་ཚུན་གོ་བསྡུར་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སོགས་འཁོད་ཡོད་འདུག