ཨ་རི་དང་རྒྱ་ནག་བར་ཐབས་ཇུས་དང་དཔལ་འབྱོར་ཐད་གྲོས་མོལ།
2009.07.28
༄༅༎ཨ་མི་རི་ཀ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་ཐབས་བྱུས་དང་དཔལ་འབྱོར་གནད་དོན་ཐད་ཀྱི་གྲོས་མོལ་ཉིན་གཉིས་པ་དེ་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་གནང་རྒྱུ་ཡིན་ཞིང་ཨ་མི་རི་ཀའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་འཕེལ་རིམ་དེ་གཙོ་བོ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་རག་ཆེན་པོ་ལུས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་གནང་པའི་ཉིན་དང་པོའི་གྲོས་བསྡུར་སྐབས་གོ་ལའི་དཔལ་འབྱོར་གྱི་གནས་བབ་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱི་བཀའ་བསྡུར་གནང་ཞིང་སྲིད་འཛིན་ཨོ་སྦ་མས་ཡུལ་གྲུ་གཉིས་དབར་གདོང་ཐུག་གཙོ་བཟུང་མི་བྱེད་པར་མཉམ་འབྲེལ་གྱི་ཐོག་ནས་འབྲེལ་བ་བཟང་དུ་གཏོང་ཐབས་བྱ་དགོས་པའི་དགོངས་ཚུལ་ཁག་གསལ་སྟོན་གནང་ཡོད་པ་རེད།
ད་དུང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཐོག་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་འཕེལ་ཕྱོགས་གཏན་འབེབས་ཡོང་རྒྱུ་ཡིན་པར་བརྟེན་ཡུལ་གྲུ་གཉིས་ཕན་ཚུན་གྱི་འབྲེལ་ལམ་འདི་ནི་འཛམ་གླིང་ཡུལ་གྲུ་གཞན་དང་ཕན་ཚུན་གྱི་འབྲེལ་ལམ་ལྟ་བུ་གལ་འགངས་ཆེ་བའི་འབྲེལ་ལམ་ཞིག་ཡིན་པ་གསུངས་འདུག འོན་ཀྱང་ཁོང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་འདི་གལ་འགངས་ཆེ་ཤོས་ཡིན་པ་གསུངས་མེད་པ་མ་ཟད་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་ཡང་གསལ་བཤད་གནང་ཡོད་པ་རེད།
འདིའི་ཐད་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གཞི་རྐང་ཨ་མི་རི་ཀའི་མི་དམངས་ཀྱིས་རྒྱ་ནག་གི་གནའ་བོའི་རིག་གཞུང་ཁག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་དུས་མཚུངས་ང་ཚོས་མི་རིགས་སོ་སོའི་རིག་གཞུང་དང་ཆོས་དད་ལ་གུས་བརྩི་དང་སྲུང་སྐྱོབ་དགོས་རྒྱུར་ཡིད་ཆེས་ཤུགས་ཆེ་བྱེད་ཀྱི་ཡོད་ལ་དེ་བཞིན་མི་ཚང་མར་རང་རང་སོ་སོའི་སེམས་ནང་ཡོད་པའི་སྐད་ཆ་ཤོད་པའི་སྨྲ་བརྗོད་ཀྱི་ཐོབ་ཐང་ཡང་ངེས་པར་དགོས་ཀྱི་རེད་ཅེས་གསུངས་འདུག
ད་རེས་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཚུགས་པའི་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་ཐབས་བྱུས་ཀྱི་གྲོས་མོལ་འདིའི་ནང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་དང་ནོར་སྲིད་དྲུང་ཆེ་ཊི་མ་ཐི་གའེ་ཐི་ནར་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད་ལ་རྒྱ་ནག་གི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ལྦང་ཅི་ཤན་དང་རྒྱལ་དོན་བློན་ཆེན་ཏའོ་པིང་གོའོ་སོགས་ཡོད་པ་རེད།
རྒྱ་ནག་ནི་ཨ་མི་རི་ཀར་བུ་ལོན་མང་སོས་གཡར་མཁན་གྱི་རྒྱལ་ཁབ་དེ་ཡིན་ཞིང་རྒྱ་ནག་གི་སྐུ་ཚབ་ཚོགས་པས་ཨ་མི་རི་ཀའི་ད་ལྟའི་དཔལ་འབྱོར་གྱི་གནས་བབ་ཐད་བློ་འཚབ་ཡོད་པ་གསལ་པོར་བརྗོད་འདུག་པ་དང་ད་ཆ་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀའི་ཐོག་ཚོང་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་པའི་དུས་ཚོད་ཞིག་ཏུ་སླེབས་ཡོད་པ་རེད།