༸གོང་ས་མཆོག་ནི་གུས་བཀུར་ཞུ་འོས་པའི་ཆོས་ལུཌ་ཀྱི་དབུ་ཁྲིད།
2009.08.28
༄༅༎ཨ་རི་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གུས་བཀུར་ཞུ་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པ་གསུངས་བཞག
དེ་ཡང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་པི་ཇེ་ཁ་རའོ་ལི་ཡིས་གསུངས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ནས་གུས་བཀུར་དང་ཆེ་ཐོངས་ཞུ་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་བརྟེན་ནས་རིང་མིན་༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་དེས་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ལ་གནོད་སྐྱོན་གང་ཡང་ཡོང་མི་སྲིད་པ་གསུངས་ཡོད་པ་དང་རྒྱ་ནག་གཞུང་གིས་ཁ་ས་༸གོང་ས་མཆོག་གིས་ཆོས་ལུགས་བེད་སྤྱད་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་དོན་སྤེལ་གྱི་ཡོད་ལུགས་བརྗོད་ནས་༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་ངོ་རྒོལ་གྱི་བསྐྱོན་བརྗོད་ཞུས་ཡོད་པ་རེད། ཡིན་ནའང་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་པི་ཇེ་ཁ་རའོ་ལི་ཡིས་གསུངས་ན་༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཐོག་ནས་གུས་བཀུར་ཞུ་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་རྒྱུན་དུ་ནས་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་བསྐྱངས་ཀྱི་ཡོད་ཅིང་ད་རེས་༸གོང་ས་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་ནས་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ལ་གནོད་འཚེ་ཡོང་མི་སྲིད་པར་ཨ་རི་གཞུང་གིས་ཡིད་ཆེས་གནང་གི་ཡོད་པ་ཅེས་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཐེངས་གཉིས་ཙམ་ཞབས་སོར་འཁོད་གན་ཡོད་ཅིང་ད་རེས་ཐའེ་ལྦན་གྱི་ལྷོ་ཕྱོགས་རྫོང་དང་གྲོང་ཁྱེར་ཁག་བདུན་གྱི་དཔོན་རིགས་ཐུན་མོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐའེ་ལྦན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་དང་གསོན་པོར་གནས་པའི་གནོད་འཚེ་ཕོག་མི་ཚོར་བྱིན་རླབས་གནང་རྒྱུའི་ཆེད་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་ཞིང་ཐའེ་ལྦན་དུ་བཞུགས་བཞག་རིང་ཐའེ་ལྦན་གྱི་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་ཁག་ཅིག་ལ་ཆིབས་བསྒྱུར་གྱིས་ས་གནས་མི་མང་ཚོར་ཐུགས་སྨོན་སྐྱབས་མཇུག་གནང་རྒྱུ་འབྲེལ་ཆོས་ལུགས་ཀྱི་མཛད་འཕྲིན་ཁག་བསྐྱངས་གནང་རྒྱུ་ཡིན་པ་རེད།