ཨ་རི་དང་རྒྱ་ནག་གི་དམག་དོན་འབྲེལ་ལམ་བསྐྱར་གསོ།
2010.09.30
༄༅༎ཨ་རི་དང་རྒྱ་ནག་གཉིས་དབར་དུས་ཡུན་ཟླ་བ་༡༠རིང་དམག་དོན་གྱི་འབྲེལ་ལམ་བར་མཚམས་ཆད་པའི་རྗེས་ཨ་རི་གཞུང་གིས་རྒྱ་ནག་དང་དམག་དོན་གྱི་འབྲེལ་བ་སྐྱར་གསོ་གནང་རྒྱུ་ཡིན་པའི་སྐོར་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་བཞག་༎
རྒྱ་ནག་དང་ཨ་རི་དབར་དམག་དོན་འབྲེལ་ལམ་སྐྱར་གསོ་བྱེད་རྒྱུར་ཕྱོགས་གཉིས་དབར་འཁོན་འཁྲུག་གི་གནད་དོན་མང་པོ་ཞིག་ལ་བརྟེན་ནས་འགོག་རྐྱེན་མང་པོ་འཕྲད་ཡོད་པ་རེད་ དཔེར་ན་འདི་ལོའི་འགོ་སྟོད་ཕྱི་ཟླ་༡པོའི་ནང་ཕྱོགས་གཉིས་དབར་དམག་དོན་གྱི་གྲོས་མོལ་གནང་རྒྱུའི་དུས་ཚེས་མོས་མཐུན་བྱུང་ཀྱང་ སྐབས་དེར་ཨ་རི་གཞུང་གིས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་ལ་རྐྱེན་པས་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་སྐབས་མཚམས་སུ་གྲོས་མོལ་ནས་ཕྱིར་འཐེན་བྱས་ཡོད་པ་རེད་ དེའི་ཁར་རྒྱ་ནག་གཞུང་གིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་ཉེ་ལམ་མཚོ་ཐོག་འཁོན་འཛིན་བྱུང་བཞིན་པའི་གནད་དོན་དང་ དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མང་པོ་ཞིག་དང་མཚོ་གླིང་གི་བདག་དབང་དང་འབྲེལ་བའི་འཁོན་འཛིན་གྱི་ཤུགས་རྐྱེན་དང་ ལྷག་པར་དུ་རྒྱ་ནག་དང་ཨ་རི་དབར་ཚོང་འབྲེལ་གྱི་རྩོད་གླེང་མང་དག་ཅིག་གིས་རྐྱེན་པས་དམག་དོན་གྱི་འབྲེལ་ལམ་སྐྱར་གསོ་བྱ་རྒྱུར་འགོག་རྐྱེན་བཟོས་ཡོད་པ་རེད་
ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་དང་དམག་དོན་གྱི་འབྲེལ་ལམ་སྐྱར་གསོ་བྱ་རྒྱུ་དེ་ཕྱོགས་གཉིས་དབར་གནད་དོན་གང་ཞིག་གི་ཐད་ནས་དོགས་པ་རྣམ་རྟོག་སེལ་རྒྱུའི་གནད་འགག་ཆེན་པོར་ངོས་འཛིན་གནང་པ་བཞིན་ ཨ་རིའི་ཕྱི་སྲིིད་ལས་ཁུངས་ནང་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་དྲུང་གཞོན་མའེ་ཁལ་ཤི་ཕར་རྒྱ་ནག་ཏུ་ཆེད་གཏོང་གནང་ཡོད་འདུག་ལ་ ཁོང་ཨ་རིར་ཕྱིར་ལོག་ཕེབས་པའི་རྗེས་ཨ་རིའི་བདེ་སྲུང་ལས་ཁུངས་ནས་རྒྱ་ནག་དང་དམག་དོན་གྱི་གྲོས་མོལ་སྐྱར་གསོ་གནང་རྒྱུའི་གསལ་བསྒྲགས་དེ་གནང་ཡོད་པ་རེད་ དེ་ཡང་གསལ་བསྒྲགས་དེར་གཞིགས་ན་ཕྱི་ཟླ་༡༠པའི་ཚེས་༡༤དང་༡༥ཉིན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཧ་ལྦ་ཨི་མཚོ་གླིང་རྒྱལ་ཁབ་ནང་རྒྱ་ནག་དང་ཨ་རི་གཉིས་ནས་ མཚོ་ཐོག་འབྲེལ་མཐུད་དང་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གྲོལ་མོལ་བྱ་རྒྱུ་དང་ ཡང་འདི་ལོའི་ལོ་མཇུག་ཏུ་དམག་དོན་གྱི་གྲོས་མོལ་བྱེད་འཆར་ཡོད་པའི་སྐོར་གསལ་འདོན་གནང་བཞག་༎