རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག
2012.01.17
༄༅༎པེ་ཅིང་དུ་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསུངས་འདུག།
དེ་ཡང་ཨ་མི་རི་ཀའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་གེ་རི་ལོཀ་(Gary Locke)གྱིས་ཆའར་ལི་རོསེ་(Charlie Rose)བརྙན་འཕྲིན་བཅར་འདྲིའི་ལས་རིམ་ནང་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ག་དུས་ཡིན་ཡང་ ཡར་འགྲོ་མར་འགྲོ་མང་དག་ཅིག་ཡོད་ན་ཡང་ ད་ལྟ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་ཚོད་ཅིག་ཡིན་པའི་ཚོར་སྣང་འདུག་ཅེས་གསུངས་འདུག།
ཨ་རིའི་གཞུང་ཚབ་ཆེན་མོས་ སྔ་ལོ་ཨ་རབ་ཀྱི་ཡུལ་གྲུ་ཁག་ནང་མི་དམངས་ཀྱི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་གྱི་གནས་ཚུལ་བྱུང་བ་ནས་བཟུང་ རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་མཁན་དང་ ཁྲོམས་རྩོད་པ་ དེ་མིན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དུ་ངོས་འཛིན་པའི་མི་སྣ་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་ཁག་ཐེར་འདོན་གནང་པ་དང་ཆབས་ཅིག་ཁོང་གིས་ རྒྱ་ནག་གི་འགོ་འཁྲིད་ཚོར་ ཨ་རབ་ཀྱི་གནད་དོན་ལྟ་བུ་རྒྱ་ནག་ནང་འབྱུང་སྲིད་པར་ཞེད་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག།
ཨ་མི་རི་ཀའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་གེ་རི་ལོཀ་དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱིར་ཕེབས་ཀྱིས་ ཟླ་བ་རྗེས་མར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཤི་ཅིང་པིང་ཨ་རིར་གཞུང་དོན་འཚམས་གཟིགས་སུ་བསྐྱོད་རྒྱུའི་གྲ་སྒྲིག་དང་འབྲེལ་བའི་ལས་དོན་སྐོར་བཀའ་བསྡུར་གནང་བཞིན་ཡོད་པ་རེད།
འདི་ནི་ཤི་ཇིང་པིང་གི་ཨ་མི་རི་ཀའི་གཞུང་དོན་གྱི་འཚམས་གཟིགས་ཐོགས་མ་དེ་ཆགས་རྒྱུ་མ་ཟད་ ཁོང་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་རྩོད་མེད་འགོ་འཁྲིད་དུ་ངེས་པ་ལྟ་བུ་ཡིན་སྟབས་ ཨ་རིའི་རྒྱལ་དོན་འཚམས་གཟིགས་དེ་ཡུལ་གྲུ་གཉིས་ཀའི་ངོས་ནས་གལ་ཆེའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།