བྱང་ཀོ་རི་ཡར་བཟའ་འབྲུའི་དཀའ་ངལ་སྐོར།
2009.07.01
༄༅༎བྱང་ཀོ་རི་ཡའི་མང་ཚོགས་ལ་བཟའ་ཆའི་རོགས་རམ་དགོས་གལ་ཧ་ཅང་ཆེན་པོ་ཡོད་ནའང་ཉེ་ལམ་ཕྱི་ཟླ་ལྔ་པའི་ནང་བྱང་ཀོ་རི་ཡས་རྡུལ་ཕྲན་ལ་ཚོད་ལྟ་བྱས་པའི་རྗེས་ད་ཆ་ཡུལ་དེར་བཟའ་ཆའི་རོགས་རམ་དཀོན་དུ་ཕྱིན་ཡོད་ལུགས་བྱང་ཀོ་ར་ཡ་ནས་ཕྱིར་ལོག་གནང་བའི་འཛམ་གླིང་མནམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིག་གིས་དེ་རིང་གསུངས་འདུག
བྱང་ཀོ་རི་ཡས་མང་ཚོགས་ཀྱི་བཟའ་འབྲུའི་དགོས་མཁོ་ཁག་གྲུབ་ཐབས་སུ་ལོ་མང་རིང་ལྷོ་ཀོ་རི་ཡ་དང་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་རོགས་རམ་ལས་འཆར་ཐོག་འཚོ་རྟེན་བྱས་ཡོད་ཅིང་དེ་སྔོན་༡༩༩༠གོ་གྲངས་སྐབས་ཡུལ་ནང་མུ་གེ་བྱུང་བའི་སྐབས་སུ་བྱང་ཀོ་རི་ཡའི་མི་འབོར་ས་ཡ་ཉི་ཤུ་རྩ་གཉིས་ནང་ནས་ས་ཡ་གཅིག་ལྷག་ཙམ་ལྟོགས་ཤི་ཐེབས་ཡོད་པ་རེད། དེ་བཞིན་འདས་པའི་ལོ་ཤས་རིང་བྱང་ཀོ་རི་ཡའི་ནང་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་ཡུལ་དེའི་སྲིད་གཞུང་གིས་རྡུལ་ཕྲན་གོ་མཚོན་གྱི་ལས་འཆར་མཚམས་འཇོག་བྱ་རྒྱུའི་ཁྲིམས་གཞིར་བརྩི་སྲུང་མ་བྱས་པའི་ཉེ་ལེན་ལ་བརྟེན་ནས་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་ཞིང་ལུད་མཁོ་འདོན་རོགས་རམ་མཚམས་འཇོག་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཐོན་སྐྱེད་མར་ཆག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
དེའི་ཁར་བྱང་ཀོ་རི་ཡས་ཉེ་བའི་ཆར་རྡུལ་ཕྲན་ཚོང་ལྟ་ཐེངས་གཉིས་པ་བྱས་པའི་རྗེས་སུ་རྣམ་ཀུན་ཡུལ་དེར་རོགས་རམ་བྱེད་མཁན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་བྱང་ཀོ་རི་ཡར་བཟའ་འབྲུའི་རོགས་རམ་སྤྲོད་ཕྱོགས་ཐད་བསྐྱར་དུ་བསམ་བློ་གཏོང་དགོས་ཆགས་ཡོད་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་རོགས་རམ་ལས་ཁང་གི་བྱང་ཀོ་རི་ཡའི་སྐུ་ཚབས་ཏོར་སྦེན་གྲུ་ཡིས་པེ་ཅིང་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་གནང་བཞག འོན་ཀྱང་ཁོང་གི་ལས་ཁང་དེ་ཆབ་སྲིད་དང་འབྲེལ་བ་མེད་སྟབས་མང་ཚོགས་ཀྱི་དགོས་མཁོ་དང་བདེ་རྩར་དམིགས་ནས་ལས་དོན་བྱ་རྒྱུ་དེ་གལ་ཆེའི་གནད་དོན་ཞིག་ལ་རྩིས་གནང་གི་ཡོད་སྐོར་གསུངས་བཞག།