ཤར་ཏི་མོར་སྲིད་བློན་གྱིས་མཉམ་འབྲེལ་རྒྱལ་ཚོཌ་ལ་སྐྱོན་བརྗོད།

ཤར་ཏི་མོར་གྱི་སྲིད་བློན་ནས་ཁོང་གི་རྒྱལ་ཁབ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱིས་སྣང་ཆུང་ཁྱད་གསོད་བྱས་བྱུང་ཞེས་སྐྱོན་བརྗོད་བྱས་པ།

2011.05.20

༄༅༎ཤར་ཏི་མོར་གྱི་སྲིད་བློན་ཤ་ན་ན་གུསི་མའོ་ཡིས་ཁོང་གི་རྒྱལ་ཁབ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱིས་སྣང་ཆུང་ཁྱད་གསོད་བྱས་བྱུང་ཞེས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱས་པའི་རྗེས། ཤར་ཏི་མོར་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་བྱེད་མཁན་ཚོར་ལས་དོན་སྤེལ་རྒྱུར་དཀའ་ངལ་དུ་གྱུར་ཡོད་པ་རེད།

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ་ཤར་ཏི་མོར་ནང་གི་དེ་སྔའི་འཇབ་དམག་ཤོག་ཁག་དེ་ཚོ་ནི་རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་པར་འགོག་རྐྱེན་ཞིག་རེད་ཅེས་པའི་བཀའ་མོལ་གསུང་པ་དེ། ཤར་ཏི་མོར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཚོས་བེད་སྤྱོད་བྱས་ཏེ་ཕྱིར་བསྒྲགས་བྱས་པའི་གནད་དོན་དེ་ནི། སྲིད་བློན་གུསི་མའོ་་མཚོན་ན་ཧ་ཅང་གི་ཚབས་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ལ་ཁོང་ཁྲོ་ཆེན་པོ་བྱུང་ཡོད་པར་བརྟེན་ཤར་ཏི་མོར་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་ཚོགས་ཀྱི་སྐུ་ཚབ་ནས་དག་སེལ་གྱི་གསལ་བསྒྲགས་ཤིག་སྤེལ་དགོས་པ་བྱུང་ཡོད་ཅིང༌། དེའི་ནང་དུ་སྐད་ཆ་དེ་ནི་ཁོང་ཚོའི་གཞུང་འབྲེལ་གྱི་ཡིག་ཆ་ཞིག་མིན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་བསམ་ཚུལ་ཡིན་པ་མཚོན་ཐུབ་ཀྱི་མ་རེད་ཅེས་གསུང་ཡོད་པ་རེད།  གཟའ་འཁོར་འདིའི་འགོ་སྟོད་དུ་ཤར་ཏི་མོར་རྒྱལ་ཁབ་ཆུང་ཆུང་དེ་ནི། ཨིན་ཌོ་ནེ་ཤི་ཡའི་འོག་ནས་རང་བཙན་ཐོབ་ཏེ་མི་ལོ་དགུ་ཕྱིན་པའི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཚོགས་པའི་ཐོག་སྲིད་བློན་གུསི་མའོ་ཡི་གཏམ་བཤད་ནང༌། ཕྱི་ལོ་༢༠༠༠ ནས་༢༠༠༨ བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤར་ཏི་མོར་རྒྱལ་ཁབ་ཆུང་ཆུང་དེའི་ནང་ཨ་རིའི་ཊོ་ལར་ཐེར་འབུམ་བརྒྱད་ཙམ་གྱི་རོགས་སྐྱོར་བྱས་ཡོད་ཀྱང༌། ང་ཚོའི་ངོས་ནས་མངོན་གསལ་དོད་པོའི་ཡར་རྒྱས་ཕྱིན་པའི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པར་ད་དུང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག་ཅེས་གསུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ཕན་འཛམ་གླིང་ནང་འཁྲུག་རྩོད་ཀྱི་དཀའ་ངལ་སེལ་ཐབས་དང༌། ཡར་རྒྱས་ཀྱི་ཕྱག་ལས་གནང་བའི་བྱས་རྗེས་ལ་འཕྱ་དམོད་བྱས་ཏེ། ཁོང་གི་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་འཁྲུག་རྩོད་ཡོད་པའི་རྒྱལ་ཁབ་ཨི་རན་དང་ཨཕ་ག་ནི་སི་ཏན་ པ་ཀི་སི་ཏན་ནང་ལས་དོན་སྤེལ་དུ་ཕེབས་དགོས་པ་དང༌། དམིགས་བསལ་ཡེ་མེན་དང་སིརི་ཡ་ ལི་བི་ཡ་དམངས་གཙོའི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐོར་གསུང་སྟེ་རྒྱལ་ཚོགས་ཀྱི་དོན་གཅོད་ཤར་ཏི་མུར་རྒྱལ་ཁབ་ནང་དགོས་པ་མེད་པའི་རྣམ་འགྱུར་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎