ཀིརྟི་དགོན་པར་མུ་མཐུད་དེ་དྲག་གནོན་བྱེད་བཞིན་པ།
2011.06.02
༄༅༎བཙན་བྱོལ་བོད་གཞུང་གི་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ ཁ་ས་ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པའི་གནས་ལུགས་ཞུས་གནང་བ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བོད་ནང་གི་གནས་སྟངས་རྟོག་ཞིབ་གནང་བར་ཕེབས་དགོས་རྒྱུའི་འབོད་སྐུལ་ཞུས་གནང་འདུག།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལྷན་འཛོམས་ཐེངས་༡༧པ་དེ་བཞིན་སུད་སིའི་གྲོང་ཁྱེར་ ཇི་ཎེ་ཝའི་ནང་ཕྱི་ཟླ་༥ཚེས་༣༠ནས་༦པའི་ཚེས་༡༧བར་ཚུགས་གནང་གི་ཡོད་པའི་སར་འཛམ་གླིང་ཡུལ་གྲུ་ཁག་ནང་གི་འགྲོ་བའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་ལྟར། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ནེ་ལྦི་པི་ལེ་ཡིས་ཁོང་གི་ལྷན་ཁང་གི་ལས་དོན་གནང་ཕྱོགས་སྐོར་གྱི་ལོ་འཁོར་སྙན་ཐོ་སྒྲོག་སྦྱང་གནང་བའི་རྗེས། ཚོགས་ཆུང་ཁག་བགོས་གནང་ནས་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བགྲོ་གླེང་སྐབས། སུད་སི་བོད་ཀྱི་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ ཆགས་འཇིགས་ཀྱི་ཉེན་ཁར་ཐུག་པའི་འཛམ་གླིང་མི་མང་ཚོགས་པའི་ཚབ་གནང་སྟེ། རྒྱ་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་ནང་སོག་ཁུལ་ཞི་བའི་ངོ་རྒོལ་བྱེད་མཁན་མང་ཚོགས་ཐོག་དྲག་གནོན་བྱེད་བཞིན་ཡོད་པའི་སྐོར་དང༌། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་གཞུང་གིས་ད་དུང་མུ་མཐུད་དྲག་གནོན་ཚབས་ཆེ་བྱེད་བཞིན་ཡོད་པའི་གནས་ལུགས་སྙན་སེང་ཞུས་གནང་འདུག། གོང་ཞུས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལྷན་འཛོམས་ཐེངས་༡༧པ་དབུ་འཛུགས་མ་གནང་གོང༌། སུད་སི་བོད་ཀྱི་དོན་གཅོད་ཁང་ནས་ གྲོང་ཁྱེར་ ཇི་ཎེ་ཝའི་ནང་རྟེན་གཞི་གནང་བའི་ཕྱི་རྒྱལ་གཞུང་ཚབ་དཔོན་རིགས་བཅུ་ཙམ་མཇལ་འཕྲད་གནང་ནས་ཀིརྟི་དགོན་པའི་གནད་དོན་གཙོ་བོར་གྱུར་བའི་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བཤད་གནང་ཡོད་པ་རེད།