རྒྱལ་ཚོགས་ཀྱི་དྲུང་ཆེས་གནམ་གཤིས་འགྱུར་ལྡོག་སྐོར་གསུངས་བ།
2009.07.26
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་སོག་ཡུལ་དུ་གཟིགས་སྐོར་ལ་ཕེབས་ཏེ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སྐོར་གླེང་སློང་གནང་ཡོད་འདུག
ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱལ་ཚོགས་ཀྱི་དྲུང་ཆེ་སོག་ཡུལ་གྱི་འབྲོག་ས་ཞིག་ལ་ཕེབས་ཏེ་འབྲོག་ས་བྱེ་ཐང་དུ་འགྱུར་བཞིན་པ་དང་མཐུང་ཆུའི་དཀའ་ངལ་སོགས་དངོས་སུ་གཟིགས་ཡོད་འདུག སྦན་ཀི་མུན་གྱིས་སོག་པོའི་དཔོན་རིགས་ཚོར་གནམ་གཤིས་སོགས་ཁོར་ཡུག་གི་འཁོར་འགྱུར་ལ་དུས་བསྟུན་གདོང་ལེན་ཐུབ་པའི་ལས་འགུལ་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་སྤྲོད་དགོས་ལུགས་གསུངས་གནང་ཡོད་འདུག འབྲོག་པ་ཚོར་དཀའ་ངལ་ཅི་ཆེ་འཕྲད་ཀྱི་ཡོད་པའི་རྣམ་པར་ཟླ་བ་གཅིག་གོང་འབྲོག་པ་ས་ཡ་ཉི་ཤུ་རྩ་བཞི་ཙམ་འབྲོག་ས་བཞག་ནས་འགྲོ་དགོས་བྱུང་ཡོད་པ་དང་འབྲོག་ས་བྱེ་ཐང་དུ་འགྱུར་རྒྱུ་དང་འབྲེལ་བའི་དཀའ་ངལ་འཕྲལ་དུ་སེལ་ཐབས་མ་བྱས་ཚེ་ཕྱི་ལོ་ཉིས་སྟོང་ལྔ་བཅུ་ཙམ་ལ་ཡུལ་མི་ས་ཡ་ཉིས་བརྒྱ་ཙམ་ལ་འགྲོ་སྡོད་མི་ཤེས་པའི་དཀའ་ངལ་འཕྲད་རྒྱུའི་ཉེན་བརྡ་ཡང་གཏོང་གནང་འདུག རྒྱལ་ཚོགས་ཀྱི་དྲུང་ཆེས་འདི་ལོ་ཕྱི་ཟླ་དགུ་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཞོར་དུ་ཕྱི་ཟླ་བཅུ་གཉིས་པའི་ནང་ཀོ་པན་ཧ་གན་དུ་འཚོག་རྒྱུའི་འཛམ་གླིང་གི་གནམ་གཤིས་ཀྱི་ཚོགས་ཆེན་གྱི་གྲོས་གཞིར་རྒྱབ་སྐྱོར་ཡོང་བའི་ཐབས་ཤེས་གནང་རྒྱུའི་ཁས་ལེན་གནང་འདུག དྲུང་ཆེ་སོག་ཡུལ་ནང་མ་ཕེབས་གོང་རྒྱ་ནག་ནང་གཟིགས་སྐོར་ཕེབས་ཏེ་རྒྱ་ནག་གིས་འཛམ་གླིང་གི་ཁོར་ཡུག་སྤྱི་དང་བྱེ་བྲག་ཏུ་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གི་དཀའ་ངལ་སེལ་རྒྱུའི་ལས་དོན་ལ་རྒྱ་ནག་གཞུང་གིས་མཐུན་འགྱུར་མེད་དུ་མི་རུང་བ་ཆགས་ཡོད་སྐབས་དེ་ལྟར་དགོངས་བཞེས་ཡོང་བའི་སྐུལ་དེད་ནན་པོ་གནང་ཡོད་འདུག དེ་སྔ་ཉི་ཧོང་ནང་བཞག་པའི་ཀྱིའོ་ཊོ་གནམ་གཤིས་ཀྱི་ཆིངས་དོན་དེར་ཀུན་གྱིས་བརྩི་འཇོག་དེ་ཙམ་གནང་མེད་པ་མ་ཟད་ཆིངས་དོན་དེ་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་ཐིམ་འགྲོ་ཡི་ཡོད་པར་བརྟེན་ཆིངས་དོན་གསར་པ་ཞིག་མ་བཞག་རང་བཞག་ཆགས་ཀྱི་ཡོད་རེད། འོན་ཀྱང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་བཏོན་པའི་སྔོན་འགྲོའི་འཆར་གཞི་དེར་རྒྱ་ནག་དང་རྒྱ་གར།སྦེ་ར་ཛིལ་བཅས་ཀྱིས་མོས་མཐུན་བྱེད་ཀྱི་མེད་པ་རེད༎