བོད་རྒྱའི་འབྲེལ་མོལ་ལ་ཨ་རི་དང་དབྱིན་ཇིས་དོ་སྣང༌གནང་སྐོར།

ཨ་རི་དང་དབྱིན་ཡུལ་གྱིས་བོད་རྒྱ་ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་ངང་གྲོས་མོལ་དོན་འབྲས་སོན་པ་ཞིག་གནང་རྒྱུའི་ཐུགས་རེ་གནང་བ།

2008.10.31

༄༅༎༸གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཆེད་ཕེབས་ཡོད་པ་དང་དུས་མཚུངས་ཨ་རི་དང་དབྱིན་ཇི་གཞུང་གིས་བོད་རྒྱའི་དབར་གྱི་དཀའ་གནད་སེལ་རྒྱུར་ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་ངང་གྲོས་མོལ་དོན་འབྲས་སོན་པ་ཞིག་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅིང་ཨ་རི་དང་དེ་མིན་བོད་དོན་ཐོག་ཐུགས་འཁུར་གནང་མཁན་གྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་བོད་རྒྱ་འབྲེལ་མོལ་ཐོག་དོན་འབྲས་སོན་པའི་གྲོས་མོལ་ཡོང་རྒྱུར་དོ་སྣང་གནང་བཞིན་ཡིན་པ་གསུངས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་དང་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ཀྱིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས།བོད་མི་ཚོའི་འཚོ་གནས་ཐོག་ཤུགས་རྐྱེན་ཐེབས་ནས་ས་གནས་ནང་ཛ་དྲག་གི་གནས་སྟངས་བཟོ་གི་ཡོད་པར་བརྟེན་ད་ལྟའི་སྲིད་ཇུས་ལ་བསྐྱར་ཞིབ་གནང་དགོས་པ་དང་དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་མངའ་ཁུལ་དུ་ཕྱི་རྒྱལ་གྱི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་དེ་མིན་རང་དབང་ཅན་གྱི་ཉམས་ཞིབ་པ་སོགས་གཏོང་རྒྱུར་བཀག་འགོག་གི་སྲིད་ཇུས་ཁག་ཕྱིར་བསྡུ་གནང་རྒྱུའི་སྐུལ་མ་ཡང་གནང་ཡོད་པ་རེད། དེ་བཞིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌེ་ལྦིཌི་མི་ལི་སྦེན་མཆོག་གི་མཚན་ཐོག་ནས་ཚེས་ཉི་ཤུ་དགུའི་ཉིན་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང་བོད་རྒྱ་དབར་གྱི་འབྲེལ་མོལ་ཐེངས་བརྒྱད་པ་དེ་མ་འོངས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན་པ་དང་༸གོང་ས་མཆོག་གིས་བོད་རང་བཙན་དོར་གནང་ཏེ་བོད་ལ་དོན་དང་ལྡན་པའི་རང་སྐྱོངས་ཀྱི་ཐོབ་ཐང་ཞིག་སྐྲུབ་ཐབས་གནང་གི་ཡོད་པ་དེ་ནི་རྒྱ་ནག་གི་ཁྲིམས་ལུགས་དང་ཡང་ཡོངས་སུ་མཐུན་གྱི་ཡོད་པས་དེར་བརྟེན་དབྱིན་ཇི་གཞུང་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་རིག་གཞུང་དང་ཆོས་ལུགས་སྐད་ཡིག་སྲོལ་རྒྱུན་སོགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་འབྲེལ་བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་བོད་མི་འཛིན་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱ་དགོས་པ་དང་དེ་བཞིན་དེ་རྗེས་བོད་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་འགྲོ་འོང་སོགས་ཀྱི་རང་དབང་ཚད་བཀག་བཟོ་བཞིན་པའི་གནས་སྟངས་དེ་ཚོར་འགྱུར་ལྡོག་གཏོང་རྒྱུའི་ཐོག་ཤུགས་སྣོན་སྐྱོན་ནས་ཕྱོགས་གཉིས་ཀྱི་འབྲེལ་མོལ་བརྒྱུད་གནད་དོན་དེ་ཚོའི་ཐོག་དོན་དང་ལྡན་པའི་འབྲས་བུ་ཞིག་ཐོན་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་འཁོད་ཡོད་ཅིང་མདོར་ནི་དབྱིན་ཇི་གཞུང་གིས་བོད་ནང་རྒྱུན་དུ་ནས་དུས་བདེ་ཞི་འཇགས་ལྡན་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཞིག་ཡོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ནས་ཞུ་གི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎