ཉི་འོང་ནང་མཚོ་རླུང་དྲག་འཚུབ་བྱུང་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བྱུང་འདུག་ཀྱང་གནས་སྡོད་བོད་མི་རྣམས་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་སྐོར། ཉི་འོང་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་གསུངས་པ།
ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༢༨ ཉིན་ཉི་འོང་གི་ལྷོ་ཁུལ་དུ་ཆགས་པའི་སྐྱུ་ཤུ་ཞེས་པའི་མཚོ་གླིང་དུ་ནུབ་ཞི་བདེ་རྒྱ་མཚོ་དང་རྒྱ་ནག་རྒྱ་མཚོའི་ནང་ (Shanshan Typhoon) ཞེས་པའི་མཚོ་རླུང་དྲག་པོ་ཞིག་བྱུང་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་འདུག་ཀྱང་། ཉི་འོང་ཁུལ་དུ་ད་ལྟའི་ཆར་བོད་མི་ ༢༠༠ མ་ཟིན་ཙམ་གནས་སྡོད་བྱེད་བཞིན་ཡོད་ཅིང་། དེའི་ནང་ནས་བོད་མི་ ༨༠ ལྷག་ཉི་འོང་རྒྱལ་ས་ཊོག་ཡོ་དང་དེའི་ཉེ་འདབས་སུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། ད་རེས་ཀྱི་མཚོ་རླུང་དྲག་འཚུབ་དེའི་རྐྱེན་གྱིས་བོད་མིར་གནོད་སྐྱོན་བྱུང་བའི་གནས་ཚུལ་གང་ཡང་བྱུང་མེད་ཅེས། ཉི་འོང་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་དེ་ལྟ་བུའི་རླུང་འཚུབ་དྲག་པོ་ད་རེས་ཉི་འོང་ནང་བྱུང་བ་ནི་ཕྱི་ལོ་ ༡༩༦༠ རྗེས་སུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུག་ལ། རླུང་འཚུབ་དེའི་རྐྱེན་པས་ད་བར་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་རྒྱ་མཚོའི་ཉེ་འདབས་སུ་ཆགས་པའི་མི་ཡ་རྫ་ཀི་ཞེས་པའི་གྲོང་ཁྱེར་ནང་སྡོད་ཁྱིམ་ ༢༠༠ ལྷག་གཏོར་སྐྱོན་དང་མི་ ༢༥ ཙམ་ལ་རྨས་སྐྱོན་འཕོག་ཡོད་པ་མ་ཟད། གནམ་གྲུ་དང་མེ་འཁོར་སོགས་ཀྱི་ཞབས་ཞུ་མཚམས་འཇོག་བྱེད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པ་རེད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཉེ་འོང་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་སུ་ད་ལྟའི་ཆར་ཉི་འོང་ནང་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་ཞལ་པར་བརྒྱུད་བཅའ་འདྲི་ཞུས་པར་ཁོང་གིས། སྤྱིར་ཉི་འོང་ནང་ད་ལྟའི་ཆར་སྤྱི་ཡོངས་གི་ཆ་ནས་ཆར་དུས་རྫོགས་པའི་དུས་སྐབས་ཤིག་ཆགས་ཀྱི་ཡོད་ན་ཡང། ཤན་ཤེན་མཚོ་རླུང་དེའི་རྐྱེན་པས་ཁུལ་དེར་རླུང་འཚུབ་དང་ཆར་ཞོད་ཆེ་བར་བརྟེན་ཉི་འོང་གཞུང་ཕྱོགས་ནས་ཀྱང་རྒྱ་མཚོའི་ཉེ་འདབས་སུ་གནས་སྡོད་བྱེད་མཁན་གྱི་ས་གནས་མང་ཚོགས་ལ་ས་བཙན་པོར་གནས་སྤོ་བྱ་དགོས་པའི་ཛ་དྲག་གི་ཉེན་བརྡ་བཏང་ཡོད་སྐོར་དང་། ད་ལྟའི་ཆར་རླུང་འཚུབ་དེའི་རྐྱེན་པས་མི་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གང་ཡང་བྱུང་མེད་པ་གསུངས་ཀྱི་འདུག
མ་ཟད་ཁོང་གིས་ད་ལྟའི་ཚར་ཉི་འོང་རྒྱལ་ས་ཊོཀ་ཡོའི་ཁུལ་དུ་དེ་ཙམ་གྱི་ཛ་དྲག་གནས་སྟངས་ཆགས་མེད་ན་ཡང་། ཉི་འོང་གི་ལྷོ་ཁུལ་ས་གནས་སུ་ཉི་འོང་གཞུང་ཕྱོགས་ནས་གནམ་གྲུ་དང་མེ་འཁོར་སོགས་ཀྱི་ཞབས་ཞུ་མཚམས་འཇོག་བྱེད་ཡོད་པའི་གསལ་བསྒྲགས་གནང་ཡོད་ཅིང་། ཉི་འོང་ཁུལ་དུ་ད་ལྟའི་ཆར་བོད་མི་ ༢༠༠ མ་ཟིན་ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་དེའི་ནང་ནས་བོད་མི་ ༨༠ ལྷག་རྒྱལ་ས་ཊོག་ཡོ་དང་དེའི་ཉེ་འདབས་སུ་གནས་སྡོད་བྱེད་བཞིན་ཡོད་པ་དང་། ད་རེས་ཀྱི་མཚོ་རླུང་དྲག་འཚུབ་དེའི་རྐྱེན་པས་བོད་མིར་གནོད་སྐྱོན་བྱུང་བའི་གནས་ཚུལ་གཅིག་ཀྱང་བྱུང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཉི་འོང་གཞུང་ཕྱོགས་ནས་དེ་ལྟ་བུའི་ཛ་དྲག་གི་ཉེན་བརྡ་བཏང་བ་ནི། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༧ དང་། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡༠ དེ་ནས་ཉེ་ལམ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༩ བཅས་ཁྱོན་ཐེངས་གསུམ་གསལ་བསྒྲགས་གནང་མྱོང་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།