བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐེ་ཝན་དུ་བདུན་ཕྲག་གཅིག་གི་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་གི་ལས་འགུལ་མཇུག་སྒྲིལ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་དུ་བདུན་ཕྲག་གཅིག་རིང་བོད་དོན་དྲིལ་བསྒྲགས་ཀྱི་ལས་གུལ་སྤེལ་སྐབས་ཐེ་ཝན་གཞུང་གི་ངལ་རྩོལ་བློན་ཆེན་དང་། གྲོས་ཚོགས་འཐུས་མི་ཁག་ཅིག ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག
དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་དྲིལ་བསྒྲགས་འགན་འཛིན་ལྷ་མོ་ལགས་རྣམ་གཉིས་ཐེ་ཝན་དུ་ཟླ་འདིའི་ཚེས་ ༣ ནས་ ༩ བར་ཆེད་བསྐྱོད་ཀྱིས་ཚེས་ ༥ ཉིན་ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་ཞིང་། སྐབས་དེར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ (Puma SHEN ) དང་ (Pei-yu CHEN) རྣམ་གཉིས་དང་མཇལ་འཕྲད་ཞུས་ཡོད་པ་དང་། ཚེས་ ༧ ཉིན་ཐེ་ཝན་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱིས། མཉམ་རུབ་ཀྱི་ལས་གུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གླེང་སློང་གནང་ཡོད་པ་དང་། དེའི་རྗེས་ཁོང་རྣམས་ནས་ཐེ་ཝན་གྱི་བློན་ཆེན་སྐུ་ཞབས་( Lin Ming Shin) དང་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཇིན་སྐུ་ཞབས་ (Kao Yung Chen) རྣམ་གཉིས་དང་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་དང་། བོད་དང་ཐེ་ཝན་གཉིས་མཉམ་ལས་བྱེད་ཕྱོགས་སྐོར་གླེང་སློང་དང་ཞུ་གཏུག་གནང་ཡོད་པའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་མགོན་པོ་དོན་གྲུབ་ལགས་ནས་གསུངས་དོན་ལ། ལས་འགུལ་བ་རྣམ་ནས་ཐེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་ལྕམ་སྐུ་(Wu Pei- Yi)དང་། དེ་བཞིན་དེ་སྔ་ནས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་ཐེ་ཝན་གཞུང་གི་ངལ་རྩོལ་བློན་ཆེན་སྐུ་ཞབས་(Hung Shen-Han)དང་མཇལ་འཕྲད་ཀྱིས། ཐེ་ཝན་གཞུང་མང་ནས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལས་ལྷག་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཉམ། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། ལྷག་པར་དུ་རྒྱ་ནག་གཞུང་གི་རྒྱ་སྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པར་མཉམ་རུབ་ཀྱིས་གདོང་ལེན་བྱེད་ཕྱོགས་ཐད་གླེང་སློང་གནང་ཡོད་པ་མ་ཟད། སྤྱིར་ཐེངས་འདིའི་ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་གི་ལས་འགུལ་དེ་བཞིན་ཚགས་ཚུད་ལེགས་གྲུབ་བྱུང་ཡོད་པ་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། ཟླ་ ༢ ཚེས་ ༣ ནས་ ༩ བར་བདུན་ཕྲག་གཅིག་གི་རིང་ཐེ་ཝན་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ལ་མཉམ་ཞུགས་དང་། ཐེ་ཝན་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་གསུང་བཤད། དེ་བཞིན་གྱི་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་ལྷན་མཇལ་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་གི་ལས་འགུལ་སྤེལ་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།