བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པ་དེ་བཞུགས་སྒར་དུ་ཚོགས་བཞིན་འདུག

2022.08.27
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པ་དེ་བཞུགས་སྒར་དུ་ཚོགས་བཞིན་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པ་ཚོགས་བཞིན་པའི་པར་རིས། ༢༠༢༢།༠༨།༢༧
RFA

ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་Imperialགསོལ་མགྲོན་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དེ་བསྐོང་ཚོགས་གནང་ཞིང་། ད་རེས་ཚོགས་ཆེན་ཐོག་གཙོ་བོ་གྲོད་གཞི་དོན་ཚན་ ༩ ཡི་ཐོག་ཚོགས་བཅར་བ་རྣམས་ནས་གོ་བསྡུར་གཏན་འབེབས་གནང་རྒྱུ་ཡིན་འདུག་ཅིང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། གཞོན་ལྷན་སྒྲིག་འཛུགས་ཀྱིས། མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུའི་དམིགས་ཡུལ་བཟུང་བའི་སྒོ་ནས། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཀྱི་མི་རབས་གསར་པ་ཚོར་རྒྱ་ནག་དམར་ཤོག་གི་སློབ་གསོ་དང་ལྟ་སྤྱོད་མཐུན་པའི་སྲིད་བྱུས་སྣ་ཚོགས་སྤེལ་ཏེ་བོད་མི་རྒྱ་མིར་བསྒྱུར་རྒྱུ་དང་། བོད་རྒྱ་སྡེ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་དེ་འགོག་ཐབས་ཀྱི་ལས་འགུལ་སྤེལ་དགོས་པ་གསུངས་གནང་སོང་། 

ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་ཕྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་ལྟའི་རྒྱ་ནག་གི་ཆབ་སྲིད་འགྱུར་གྲོས་ཀྱི་གནས་སྟངས་དེ་ཧ་ཅང་གི་ཆེན་པ་རེད། དེར་གཞིགས་ཏེ། བོད་པའི་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་སྟེ། སྔར་ས་ནས་འཆར་གཞི་ལྡན་པའི་སྒོ་ནས་གྲ་སྒྲིག་གནང་དགོས་གལ་ཆེ་ཞེས་གསུང་བཤད་གནང་སོང་།

ད་རེས་ཚོགས་ཆེན་ཐེངས་ ༡༨ པ་དེ་བཞིན་ཕྱི་ཚེས་ ༢༧ ནས་མགོ་འཛུགས་ཀྱིས་ཕྱི་ཟླ ༩ པའི་ཚེས་ ༡ བར་ཉིན་གྲངས་ ༦ གི་རིང་ཚོགས་རྒྱུ་ཡིན་ཞིང་། གཞོན་ནུའི་ས་གནས་ཁག་མི་འདྲ་བ་ ༤༥ ནས་ཚོགས་བཅར་བ་ ༡༠༠ ལྷག་མཉམ་བཞུགས་གནང་འདུག

03.jpg

སྐབས་ ༡༧ པའི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་ཁྱབ་ཚོགས་གཙོ་དང་དབུས་རྒྱུན་རྣམ་པ་ད་རེས་ཚོགས་ཆེན་སྐབས་འཕོ་འགྱུར་འགྲོ་ཡི་ཡོད་པར་བརྟེན། ཚོགས་བཅར་བ་ཁག་ཅིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མ་འོངས་པའི་ཚོགས་གཙོ་དེ་ག་འདྲ་ཞིག་དགོས་མིན་ཐད་བཅར་འདྲི་བྱས་པར། ཨ་རི་མི་ནི་སོ་ཌ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། བོད་མི་རིགས་ལ་ལ་རྒྱ་དང་ལྷག་བསམ་ཆེ་ཞིང་། རྒྱ་ནག་དང་ཨ་རི། རྒྱ་གར་གཙོས་པའི་འཛམ་གླིང་གི་ཆབ་སྲིད་གནས་སྟངས་སོགས་ཀྱི་ཐོག་གོ་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཚོགས་གཙོར་བདམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་ལགས་ཀྱིས། མ་འོངས་པའི་ཚོགས་གཙོ་དེ་བོད་མིའི་གཅིག་སྒྲིལ་གོང་མཐོར་གཏོང་ཐུབ་མཁན་ཞིག་དང་མུ་མཐུད་བོད་རང་བཙན་འཐབ་བྱེད་ཐུབ་མཁན་ཞིག་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། དེ་སྔོན་ཚོགས་ཆེན་ཐེངས་༡༧ པའི་སྐབས། གྲོད་ཆོད་༢༠ ལྷག་ཙམ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་ཀྱང་། ཏོག་དབྱིབས་ནད་དུག་གི་དབང་གིས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་མང་དག་ཅིག་ལག་བསྟར་ཐུབ་མེད་པས། ད་རེས་ཚོགས་ཆེན་ཐེངས་ ༡༨ པའི་སྟེང་། དེ་སྔོན་བཞག་པའི་ལག་བསྟར་མ་ཐུབ་པའི་གྲོད་ཆོད་རྣམས་མཇུག་སྐྱོང་དགོས་མིན་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཚོགས་ཆེས་ཐེངས་ ༡༨ པའི་གྲོས་གཞི་ཁག་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་ཁབ་དབུས་རྒྱུན་ལས་ཁང་དང་། ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་། བོད་མིའི་ཆིག་སྒྲིལ་སོགས་ཡིན་པས། གཞོན་ལྷན་དབུས་ས་གཉིས་ནས་དེ་འབྲེལ་སྔར་ལྷག་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར། གཞོན་ལྷན་གྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར། བཙན་བྱོལ་ཕྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་་ཆེད་ལས་འགུལ་སྤེལ་རྒྱུ། དེ་བཞིན་བོད་མི་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས། འཕྲོད་བསྟེན་སློབ་གསོ་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཕྱི་ཚབས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎