རྒྱ་ནག་གཞུང་གིས་བོད་མི་གཉིས་ལ་ཁྲིམས་ཐག་བཅད་འདུག
2016.09.15
རྒྱ་ནག་གཞུང་གིས་མདོ་ལྷོ་ཕྱོགས་ཀྱི་བོད་མི་གཉིས་ལ་མི་ལོ་གཅིག་དང་ཕྱེད་ཀ་རེ་ཡི་ཁྲིམས་ཐག་བཅད་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ས་གནས་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དེ་སྔ་ནས་འཇུ་བཟུང་བཀག་ཉར་བྱས་བསྡད་ཡོད་པའི་དགེ་འདུན་པ་སྤྱིན་པ་རྒྱ་མཚོ་དང་། སྨོན་ལམ་གཉིས་ལ་སོ་སོར་དེ་ཙམ་མངོན་གསལ་མ་ཡིན་པའི་ངང་འདི་ཚེས་༡༢་ཉིན་མི་ལོ་གཅིག་དང་ཕྱེད་ཀ་རེ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༥ཟླ་༥ཚེས༢༧ཉིན། སངས་རྒྱས་མཚོ་དམ་པས་མདོ་སྨད་ཀན་ལྷོ་ཁུལ་ཁོངས་ཀྱི་ཅོ་ནེ་བཀྲིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་ས་གནས་རྒྱ་ནག་གི་ལས་དོན་རུ་ཁག་གི་ལས་ཁུངས་མདུན། རང་ལུས་མེར་བསྲེགས་གནང་བའི་རྗེས་ས་གནས་སུ་དམ་དྲག་བྱས་བ་དང་། དགེ་འདུན་པ་སྤྱིན་པ་རྒྱ་མཚོ་ལགས་སྤྱི་ལོ་༢༠༡༥་ལོ་ཟླ་༦་པའི་ནང་བསང་ཆུ་རྫོང་གི་ཁྲོམ་ལམ་དུ་བསྐྱོད་སྐབས་གློ་བུར་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་དགེ་འདུན་པ་སྨོན་ལམ་ལགས་སྤྱི་ལོ་༢༠༡༥་ལོ་ཟླ་༦་པའི་ནང་ཤག་ནས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ལག་ལྕགས་རྒྱབ་ནས་འཛིན་བཟུང་བྱས་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། སྐབས་དེར་ད་དུང་དགེ་འདུན་པ་གཞན་གཉིས་ཀྱང་མཉམ་དུ་འཇུ་བཟུང་བྱས་ཡོད་ཀྱང་། ཁོ་གཉིས་ཉིན་གྲངས་མང་པོར་བཀག་ཉར་འདྲི་རྩད་འདྲ་མིན་བྱས་བའི་རྗེས་ཁོ་གཉིས་གློད་གྲོལ་བཏང་བ་དང་། དགེ་འདུན་པ་སྤྱིན་པ་རྒྱ་མཚོ་དང་། སྨོན་ལམ་གཉིས་མུ་མཐུད་དུ་བཀག་ཉར་བྱས་བ་རེད། འོན་ཀྱང་ཁོང་བཞི་པོས་ནག་ཉེས་གང་ཞིག་བསགས་ཡོད་མེད་དང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཕ་མ་དང་ནང་མིར་དེ་དུས་བརྡ་ལན་གང་ཡང་འབྱོར་མེད་པ་བརྗོད་བྱུང་།
དགེ་འདུན་པ་སྤྱིན་པ་རྒྱ་མཚོ་ལགས་ཕ་ཡུལ་མདོ་ལྷོ་བསང་ཆུ་རྫོང་འབོ་ར་ནས་ཡིན་པ་དང་། སྨོན་ལམ་ལགས་མདོ་ལྷོ་ཅོ་ནེ་ཕྱོགས་ནས་ཡིན་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།