ཉག་ཆུའི་ཆུ་ལོག་འདམ་རུད་ཁྲོད་མི་སྣ་གཉིས་བོར་བརླག་དང་སྡོད་ཁང་གཏོར་བཤིག་གི་གནོད་སྐྱོན་ཆེན་པོ་བྱུང་ཡོད་འདུག

2024.06.12
ཉག་ཆུའི་ཆུ་ལོག་འདམ་རུད་ཁྲོད་མི་སྣ་གཉིས་བོར་བརླག་དང་སྡོད་ཁང་གཏོར་བཤིག་གི་གནོད་སྐྱོན་ཆེན་པོ་བྱུང་ཡོད་འདུག ཉག་ཆུ་རྫོང་དུ་ཆུ་ལོག་བྱུང་རྗེས། ༢༠༢༤།༠༦།༡༠
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ནས་བཟུང། བོད་ནང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་དང་། ཡུལ་མི་ཚོས་དགེ་བཤེས་ལུང་པ་ཞེས་འབོད་པའི་ནང་གློ་བུར་ཆར་ཞོད་རྐྱེན་གྱིས་ཆུ་ལོག་དང་འདམ་རུད་བྱུང་སྟེ། ཉེ་འདབས་སུ་ཆགས་པའི་གྲོང་ཚོའི་ནང་གནོད་འཚེ་ཤུགས་ཆེན་ཐེབས་པའི་གནས་ཚུལ་བྱུང་བ་བཞིན། ཕྱི་ཚེས་ ༡༢ ཉིན་མུ་མཐུད་ཆར་ཞོད་དང་འདམ་རུད་ཀྱི་གནས་ཚུལ་ཞི་འཇགས་སུ་ཕྱིན་མེད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་ཆུ་ལོག་ཁྲོད་མི་སྣ་གཉིས་བོར་བརླག་ཕྱིན་སྐོར་བཀོད་ཡོད་པ་དང་། ཆུ་ལོག་དང་འདམ་རུད་ཤུགས་ཆེན་བྱུང་བས་རླངས་འཁོར་མང་དག་ཅིག་ཆུས་འཁུར་ཡོད་པས། མི་གྲངས་དེ་ལས་མང་བར་གནོད་སྐྱོན་བཟོས་ཡོད་སྲིད་པ་ཞིག་ཡིན་པ་དང་། བོར་བརླག་ཕྱིན་པའི་མི་སྣ་གཉིས་དེ་ཡུལ་སྐོར་བ་ཡིན་སྐོར་བརྗོད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་དེས་མུ་མཐུད་འགྲེལ་བརྗོད་གནང་བར་གཞིགས་ན། ཆུ་ལོག་རྐྱེན་གྱིས་ཆུ་ཁ་གྲོང་ཚོའི་བོད་པའི་སྡོད་ཁང་ཁག་ཅིག་ལ་གཏོར་སྐྱོན་བཟོས་ཡོད་པ་དང་། ཆུ་ལོག་འདམ་རུད་དེ་སྡིར་སྒྲ་དང་བཅས་གློ་བུར་བྱུང་སོང་ལ། ཆུ་ལོག་དང་འདམ་རུད་བྱུང་ཁུལ་གཙོ་བོ་ལུང་པ་ཕྱོགས་གཉིས་ནང་ནས་བྱུང་ཡོད་སྟབས། རླངས་འཁོར་ཆུས་འཁྱེར་བ་དང་ཁང་པ་དང་གཞུང་ལམ་གཏོར་བཤིག་ཆེན་པོ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ཆུ་ལོག་འདམ་རུད་ལས་ཉག་ཆུ་གཙང་བོར་ཉེན་ཁ་མེད་སྐོར་དང་། ས་གནས་སུ་ཉེན་སྐྱོབས་མི་སྣ་ཆེད་གཏོང་གིས་གཞུང་ལམ་གཙང་བཟོ་དང་། ཡུལ་སྐོར་བ་དང་ས་གནས་མི་མང་ལ་གནས་སྐབས་ས་གནས་དེའི་ཕྱོགས་སུ་འགྲོ་སྐྱོད་མི་བྱེད་པའི་ཉེན་བརྡ་བཏང་ཡོད་པ་སོགས་བཀོད་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་ཕྱི་ཟླ་ ༦ ནང་དཀར་མཛེས་དང་རྒྱ་ནག་གི་ལང་ཧྲན་ས་ཁུལ་དུ་ཆར་ཞོད་རྐྱེན་གྱིས་ཆུ་ལོག་བྱུང་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། ཐེངས་འདིའི་ཆུ་ལོག་དང་འདམ་རུད་རྐྱེན་གྱིས་ཉག་ཆུ་རྫོང་གི་གཞུང་ལམ་ཨང་ ༣༡༨ པ་དང་ཟམ་པ་གཅིག ཞིང་ཆེན་རིམ་པའི་གཞུང་ལམ་ ༢༢༠ པ་བཅས་ཀྱི་སྤྱི་ལེ་ ༤ ཙམ་ནང་ཆུ་ལོག་དང་འདམ་རུད་ཐེངས་ཁ་ཤས་བྱུང་ཡོད་པ་བཀོད་འདུག་ལ། ཡང་འབྲེལ་ཡོད་གཞན་དེས་ཆུ་ལོག་དང་འདམ་རུད་ཐོག་མར་བྱུང་སྐབས་རོགས་སྐྱོར་མི་སྣ་སོགས་གང་ཡང་བསླེབས་མ་སོང་ན་ཡང་། རྗེས་སུ་གཞུང་ལམ་འགོག་པ་དང་རླངས་འཁོར་མང་པོ་འགྲོ་སྐྱོད་མི་ཐུབ་པའི་གནས་སུ་ལྷུང་རྗེས། རྫོང་གི་རོགས་སྐྱོར་མི་སྣ་དང་ཉེན་རྟོག་པ་སོགས་ཡོང་སྟེ་ལམ་ཁ་གཙང་བཟོ་ལ་འབད་བཞིན་ཡོད་ན་ཡང་། ས་གནས་ཁག་ཅིག་ནས་ལམ་ཁ་འགག་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཉག་ཆུ་རྫོང་ནི་རི་གཟར་ནགས་ཀླུང་དང་གཙང་བོའི་ཉེ་ཤར་ཆགས་ཡོད་སྟབས། ཆུ་ལོག་གཙོས་རང་བྱུང་གནོད་འཚེ་ཐེངས་མང་བྱུང་གི་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་ ༣ ནང་ཡུལ་དེའི་ནགས་ཚལ་ཁྲོད་མེ་སྐྱོན་ཤོར་སྟེ་ཡུལ་མིའི་སྡོད་ཁང་མང་པོ་འཚིག་པའི་གནས་སྟངས་བྱུང་ཡོད་པ་རེད་ལ། གཞན་ཡང་ཕྱི་ལོ་ ༢༠༡༡ ལོར་ཆུ་ལོག་འདམ་རུད་རྐྱེན་གྱིས་མང་ཚོགས་ཀྱི་ཁང་པ་དང་ས་ཞིང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད་ལ། རྗེས་སུ་རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ནང་ཆུ་ལོག་འདམ་རུད་ཁྲོད་རྫོང་དེའི་གྲོང་ཚོ་ ༡༥ ཡི་མི་གྲངས་ ༢༣༠༠༠ ལྷག་ལ་གནོད་འཚེ་ཐེབས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད། ཉག་ཆུ་རྫོང་ནི་བོད་ཀྱི་ས་ཁུལ་ཡིན་པ་གང་ཞིག་ལ་རྒྱ་ནག་གཞུང་འབྲེལ་གྱི་ཕྱི་ལོ་ ༢༠༢༠ ལོའི་མི་འབོར་ཞིབ་བཤེར་གྲངས་འབོར་ནང་། ས་གནས་དེར་མི་གྲངས་ཁྲི་ ༥ ལྷག་ཡོད་པ་ལས་མི་འབོར་བརྒྱ་ཆ་ ༩༥ བོད་རིགས་ཡིན་སྐོར་བཀོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།  
རྩོམ་སྒྲིག་པ། བསྟན་འཛིན་པདྨ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎