ལྷ་སར་རྒྱ་མི་ཚོས་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་དང་འབྲེལ་ངོ་རྒོལ་སྣེ་ཁྲིད་པའི་ཉེས་མིང་འོག་མི་གྲངས་༢༠༠བཀག་ཉར་འོག་བཅུག་ཡོད་འདུག

2022.11.03
ལྷ་སར་རྒྱ་མི་ཚོས་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་དང་འབྲེལ་ངོ་རྒོལ་སྣེ་ཁྲིད་པའི་ཉེས་མིང་འོག་མི་གྲངས་༢༠༠བཀག་ཉར་འོག་བཅུག་ཡོད་འདུག ལྷ་ས་ནས་ཕྱིར་ལོག་བྱེད་མཁན་རྒྱ་མི་ཚོའི་ཐོ་འགོད་བྱེད་ཡུལ།
བོད་འབྱོར།

ཉེ་སྔོན་ཕྱི་ཟླ་༡༠ཚེས་༢༦ཉིན་ལྷ་སའི་ས་གནས་ཁག་ཅིག་ཏུ་རྒྱ་མི་ལས་གཉེར་བ་ཚོས་རིམས་ནད་བཀག་བསྡོམས་ཀློད་དགོས་པའི་ངོ་རྒོལ་དང་འབྲེལ། རྒྱ་ནག་གཞུང་གིས་རྒྱ་མི་ཚོ་ལྷ་ས་ས་གནས་སུ་སྲིད་གཞུང་ལ་ཐོ་འགོད་དང་བཅས་སོ་སོའི་ས་གནས་སུ་ཀློད་ཡོད་ཀྱང་། ཐོ་འགོད་དང་འབྲེལ་མི་གྲངས་༢༠༠ལ་ངོ་རྒོལ་སྣེ་ཁྲིད་པའི་ཉེས་མིང་འོག་བཀག་ཉར་བྱས་ཡོད་པ་དང་། བཀག་ཉར་འོག་ཡོད་པ་མང་ཤོས་རྒྱ་རིགས་ཡིན་ན་ཡང་། དེ་དག་གི་ཁྲོད་བོད་ཀྱི་ས་ཁུལ་གཞན་དང་རྒྱ་ནག་ཁྲིན་ཏུའུ་སོགས་ནས་ཡིན་པའི་བོད་མི་ཡང་ཡོད་པ་དང་། བཀག་ཉར་བྱེད་ས་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགསས་སྐྲུན་ཐིང་ཟེར་བའི་ཐོག་ཁང་ཆེན་མོ་ཞིག་གི་ནང་མུ་མཐུད་བཀག་ཉར་འོག་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་རྒྱ་མི་ཚོ་དང་མཉམ་དུ་བཀག་ཉར་འོག་ཡོད་པའི་བོད་མི་དེ་དག་སུ་སུ་ཡིན་ཤེས་རྟོགས་མི་ཐུབ་པ་དང་། བཀག་ཉར་བྱ་དགོས་པའི་ཉེས་འཛུགས་གཙོ་བོ་ངོ་རྒོལ་སྣེ་ཁྲིད་ཀྱིས་མདུན་ལ་ཐོན་པས་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། བཀག་ཉར་འོག་ཡོད་པ་མང་ཆེ་བ་ལྷ་སའི་དོག་སྡེ་ཁྲོམ་གཞུང་དང་རྔ་ཆེན་ཁྲོམ་དུ་སྡོད་མཁན་ལས་གཉེར་བ་ཚོ་ཡིན་པ་དང་། ང་རང་གི་རོགས་པ་ཞིག་ཀྱང་ས་གནས་དེར་ཁྲིད་ཡོད་པ་དང་། ཁོ་ཚོའི་ད་ལྟའི་གནས་སྟངས་ག་འདྲ་ཡོད་དང་ཟས་གོས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་འགྲེལ་བརྗོད་གནང་གི་འདུག

ཉེ་སྔོན་རྒྱ་མི་ཚོས་ལྷ་སར་ངོ་རྒོལ་བྱེད་དོན་གཙོ་བོ་ལྷ་ས་ས་གནས་སྲིད་གཞུང་ནས་ཕྱི་ཟླ་༡༠ཚེས་༧ཉིན་བཀག་སྡོམ་ཀློད་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་མ་ཀློད་པར་ཕྱི་ཚེས་༡༦ཉིན་ཀློད་རྒྱུ་ཡིན་པའི་ཕྱིར་འགྱངས་བྱས་ཡོད་པ་དང་། དེའི་རྗེས་ཕྱི་ཚེས་༢༦ཉིན་ཀློད་རྒྱུ་ཡིན་སྐོར་བཤད་ཀྱང་མ་ཀློད་སྟབས་རྒྱ་མི་ལས་གཉེར་བ་ཚོས་ངོ་རྒོལ་བྱས་པ་ཡིན་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་རྗེས་སུ་རྒྱ་ནག་གཞུང་གིས་རྒྱ་མི་མང་པོ་སོ་སོའི་ས་གནས་སུ་ལོག་བཅུག་སྟེ། ལྷ་སར་གནས་སྡོད་བོད་མི་ཚོར་ཕྱི་ཚེས་༢༩ཉིན་གྱི་ཕྱི་དྲོ་ནས་ཉིན་གསུམ་རིང་ནང་དུ་བསྡད་ཚེ། ཀློད་རྒྱུ་ཡིན་པའི་ཁས་ལེན་བྱས་ཀྱང་ད་དུང་ཀློད་མེད་པར་བཀག་ནས་ཡོད་པ་དང་། དེ་བཞིན་གཞིས་ཀ་རྩེ་དང་རྒྱང་རྩེ་ཕྱོགས་སུ་ཟ་མ་དང་དགོས་མཁོའི་ཅ་ལག་ཉོ་རུ་གཏོང་བ་ལས། གཞན་པའི་དགོན་པ་ཁག་ཏུ་མཆོད་མཇལ་དང་ཐག་རིང་ལ་འགྲུལ་སྐྱོད་རིགས་བྱེད་བཅུག་གི་མེད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རིམས་ནད་ཁྱབ་གདལ་ཕྱིན་པ་ནས་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༦༧ཟིན་སྐོར་བསྒྲགས་འདུག་ལ། དེ་རིང་ཕྱི་ཟླ་༡༡ཚེས་༣བར་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༨༣འགྲོ་བཞིན་ཡོད་པ་དང་། ཕྱི་ཚེས་༣ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ནང་།བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཟེར་བས་རིམས་ནད་ཚོགས་འདུ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་འབྲེལ་ཞི་མཐུན་དང་། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་མཐའ་འཁྱོངས་བཟུང་ནས། ཁྲིམས་ལྟར་རྡུང་རྡེག་ཚ་ནན་དང་དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་བཤད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎