༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་ནས་ཨ་རིའི་ནིའུ་ཡོག་ཏུ་མི་མང་ལ་ཉིན་གྲངས་གཉིས་རིང་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་ཆོས་འབྲེལ་གནང་ཡོད་པ།
ཕྱི་ཟླ་ ༩ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་དབུ་བཞུགས་ཐོག ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རིས་མེད་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་ཞབས་རིམ་བརྒྱ་བཞིའི་ཆོ་ག་གསུངས་ཤིང་། དེ་བཞིན་རིན་པོ་ཆེ་མཆོག་ནས་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་པ་རེད། བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ནང་ཆོས་ངོ་སྤྲོད་ཞུས་པའི་ནང་། ང་ཚོས་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལ་བསྒྱུར་བཅོས་གཏོང་ཐུབ་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་གསུངས་ཤིང་། སོག་རིགས་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་རིན་པོ་ཆེའི་གསུང་སྙིང་བསྡུས་རེ་སོག་སྐད་དུའང་བསྒྱུར་གནང་ཡོད་པ་རེད།
དེ་ཡང་ནིའུ་ཡོག་རྒྱུད་སྨད་སྒྲོལ་མ་ལྷ་ཁང་གི་རྒན་བློ་བཟང་རྡོ་རྗེ་ལགས་སུ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་གི་མཛད་རིམ་ཇི་ཡོད་སྐོར་ལ་བཅར་འདྲི་ཞུས་པའི་སྐབས། ཁོང་གིས་ཕྱི་ཚེས་༢ ཉིན་ནང་ཆོས་ངོ་སྤྲོད་དང་། ཕྱི་ཚེས་ ༣ ཉིན་མི་མང་ལ་སྒྲོལ་དཀར་ཚེ་དབང་དང་བཀའ་སློབ་གནང་རྒྱུའི་མཛད་རིམ་དང་། དེ་བཞིན་རིན་པོ་ཆེ་མཆོག་ནིའུ་ཇར་སིའི་དང་། ཝ་ཤིན་ཊོན་དང་། བྷོ་སི་ཊོན་དང་། ཁེ་ན་ཌི་ཀཊ་སོགས་སུ་ཕེབས་རྒྱུའི་མཛད་རིམ་ཁག་ཅིག་ཡོད་པའི་སྐོར་གསུངས་སོང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རིན་པོ་མཆོག་གི་མཛད་རིམ་གོ་བསྒྲིགས་གནང་མཁན་བཟོད་པ་ལགས་ཀྱིས་གསུངས་བ་གཞིགས་ན། ཕྱི་ཟླ་༩པའི་ཚེས་༡༠་རེས་གཟའ་སྤེན་པའི་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣པ་ནས་༥བར་རྒྱལ་སའི་ཉེ་འགྲམ་ཝར་ཇི་ནི་ཡ་རུ་རྟེན་གཞི་བྱེད་པའི་འབྲི་གུང་ཆོས་ཚོགས་སུ་སྒྲོལ་དཀར་གྱི་ཚེ་དབང་དང་མི་དམངས་ལ་གསུང་བཤད་གནང་རྒྱུ་མ་ཟད། རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱེད་པའི་བོད་སྐད་རླུང་འཕྲིན་ཁག་གཉིས་ནང་བཅར་འདྲི་དང་ལེན་གནང་རྒྱུ་དང་གཞན་མཛད་རིམ་ཁག་གཅིག་ཡོད་འདུག ༧སྐྱབས་རྗེ་རྟ་ཚག་སྐུ་ཕྲེང་༡༠ པ་རྒྱལ་ཚབ་ཡོངས་འཛིན་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་རྒྱལ་ཚབ་མི་ལོ་༡༢ རིང་མཛད་མྱོང་ཡོད་པ་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་སྐུ་ཕྲེང་བཅུ་གསུམ་པ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༨༣ ལོར་ལྷ་སར་སྐུ་འཁྲུངས་ཤིང་། འབྲས་སྤུངས་ནས་སློབ་གཉེར་མཐར་ཕྱིན་པ་མཛད་དེ་དགེ་བཤེས་ཀྱི་མཚན་གནས་བཞེས་ཏེ། རིན་པོ་ཆེ་མཆོག་ནས་ཨུ་རུ་སུ་དང་། ཐེ་ཝན་སོགས་སུ་ཕེབས་ནས་ཆོས་འབྲེལ་མཛད་བཞིན་ཡོད་པ་རེད།།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་འགན་འཛིན། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག