རྡ་སར་བོད་མི་ཚོས་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད།
2014.10.01

བཞུགས་སྒར་རྡ་རམ་སཱ་ལར་བོད་མི་ཚོས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀྱང་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། ཧོང་ཀོང་གི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་མོལ་ལ་གྷན་ཇི་རླངས་འཁོར་བབས་ཚུགས་སུ་སྔ་དྲོ་ཆུ་ཚོད་༡༠ནས་ཉིན་རྒྱབ་ཆུ་ཚོད་༣པའི་བར་དཔུང་རྟགས་སེར་པོ་འདོགས་པའི་ལས་འགུལ་སྤེལ་གནང་ཡོད་པ་དང་། དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་རླངས་འཁོར་འབབ་ཚིགས་སུ། ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག ཧོང་ཀོང་ནང་དམངས་གཙོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་མི་བཅུ་གཉིས་ལྷག་ཙམ་རྒྱ་ནག་འཛིན་སྐྱོང་མི་སྣས་འཛིན་བཟུང་དང་། ༦༠ཙམ་ཞིག་ལ་འདྲི་རྩད་བྱེད་བཞིན་ཡོད་སྐོར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་དེ་རིང་བརྗོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་ཧོང་ཀོང་ནང་གི་ངོ་རྒོལ་ཐོག་གང་ཡང་མ་གསུང་བར་ཁུ་སིམ་མེར་བཞུགས་ཡོད་ནའང། རྒྱ་ནག་གི་རྒྱལ་དོན་ཉིན་མོ་སྲུང་བརྩིའི་མཛད་སྒོའི་ཐོག་མི་མང་དང་ཁ་མ་བྲལ་བ་བྱ་དགོས་པའི་སྐོར་འགྲེལ་བརྗོད་གནང་ཡོད་ཅིང། བཀའ་མོལ་དེ་ཧོང་ཀོང་གི་གནད་དོན་ལ་གོ་དགོས་ཀྱི་ཡོད་མེད་ཁ་གསལ་པོ་མེད་པ་རེད། ཉེ་ལམ་རེས་གཟའ་ཉི་མ་ནས་བཟུང་ཧོང་ཀོང་ནང་མི་མང་གིས་དམངས་གཙོར་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོར་ཧོང་ཀོང་གི་དམངས་གཙོའི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་མང་པོ་རྒྱ་གཞུང་གིས་འཛིན་བཟུང་དྲི་བརྩད་བྱེད་བཞིན་ཡོད་སྐོར། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་བསྡོམས་རྩིས་ནང་། རྒྱ་ནག་ཁུལ་ཧོང་ཀོང་ནང་གི་གནད་དོན་དང་འབྲེལ་བའི་ཐོག་ནས་མི་༢༠འཛིན་བཟུང་བྱས་ཡོད་པ་དང་། ༦༠ལྷག་དྲི་བརྩད་ཆེད་འབོད་བཀུགས་བྱས་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཧོང་ཀོང་ནང་དམངས་གཙོ་དོན་གཉེར་གྱི་ངོ་རྒོལ་བྱེད་མཁན་ཚོར་ཞི་བའི་སྒོ་ནས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་ཙམ་གྱིས་འཛིན་བཟུང་བྱས་པའི་མི་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་རྒྱུའི་འབོད་སྐུལ་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་དབང་རྒྱལ།