བོད་མིའི་ཐོབ་ཐང་དོན་གཉེར་བ་ཚེ་རིང་མཚོ་ལགས་སུ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱས་འདུག

2024.11.20
བོད་མིའི་ཐོབ་ཐང་དོན་གཉེར་བ་ཚེ་རིང་མཚོ་ལགས་སུ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱས་འདུག
སྒྲིག་བཟོ།

དེ་རིང་སྤྱི་ཚེས་༢༠ ཉིན་ཚེ་རིང་མཚོ་ལགས་ཀྱིས་ཁོང་གི་སྒེར་གྱི་སྐད་འཕྲིན་ཐོག་འབྲེལ་ཡོད་གནས་ཚུལ་བརྙན་ཐུང་ཞིག་སྤེལ་ཡོད་པའི་ནང་། ཁོང་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྤྱི་བདེ་ཉེན་རྟོག་ཁང་གི་ཕར་འགྲོ་ཕྱིར་འོང་འགྲོ་བསྐྱོད་ལག་འཁྱེར་ཞབས་ཞུ་ཁང་ཟེར་བ་དེ་ལ་རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར་ཞུ་རུ་སོང་བ་དང་། སྐབས་དེར་ཉེན་རྟོག་ཞབས་ཞུ་ཁང་དེའི་ནང་ཉེན་རྟོག་པའི་སྒྲིག་ཆས་གྱོན་མཁན་བུད་མེད་ཞིག་གིས་ཁོང་ལ་ཁྱེད་རང་ལ་ནག་ཉེས་རྒྱབ་ལྗོངས་ཡོད་པས་གོང་རིམ་ནས་གནས་སྐབས་ཕྱིར་བསྐྱོད་ལག་འཁྱེར་མི་སྤྲོད་རྒྱུའི་ཐག་གཅོད་བྱས་སོང་ཞེས་བརྗོད་འདུག ཚེ་རིང་མཚོ་ལགས་ཀྱིས་མུ་མཐུད་དུ་ཉེན་རྟོག་བུད་མེད་དེ་ལ་སུ་ཡིས་དེ་འདྲ་ཐག་གཅོད་བྱས་པ་རེད། དཔོན་རིགས་དེའི་མིང་ག་རེ་རེད།   ངས་དེ་ལ་ཐད་ཀར་འབྲེལ་བ་བྱེད་ཆོག་ཅེས་བརྗོད་པར་བུད་མེད་དེས་ང་ཚོའི་གོང་ལ་ཉེན་རྟོག་ཁང་ཡོད་པ་དང་། དེའི་གོང་ལ་ཁུལ་རིམ་ཉེན་རྟོག་ཁང་། དེ་བཞིན་དེའི་གོང་ལ་ཞིང་ཆེན་རིམ་པའི་ཉེན་རྟོག་ཁང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག ཚེ་རིང་མཚོ་ལགས་ཀྱིས་ཁྱེད་རང་གི་སྐད་ཆ་དེ་ལ་འགན་འཁུར་ཐུབ་ཀྱི་ཡོད་དམ། ལས་ཁུངས་དེ་ཚོ་ཚང་མའི་ཚབ་མཚོན་ཐུབ་ཀྱི་ཡོད་དམ་ཞེས་བརྗོད་པར་ཉེན་རྟོག་བུད་མེད་དེས་འགན་འཁུར་ཐུབ་ཀྱི་ཡོད་ལ། ཚབ་མཚོན་ཐུབ་ཀྱི་ཡོད་པ་བརྗོད་འདུག ཚེ་རིང་མཚོ་ལགས་ཀྱིས་མཇུག་ཏུ་ངས་ང་རང་གི་ལས་ཁུངས་ངོ་བོའི་ཐོག་ནས་ཡིག་ཆ་ཞུས་པ་ཡིན་ནའང། ལག་འཁྱེར་རག་ཐུབ་ཀྱི་མེད་པ་དེ་འདྲ་རེད་དམ་ཅེས་བསྐྱར་དུ་བརྗོད་པར་ཉེན་རྟོག་བུད་མེད་དེས་མགོ་གཡུག་ནས་དེ་འདྲ་ཡིན་པའི་རྣམ་འགྱུར་བཏོན་འདུག

མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྗོང་ནས་ཡིན་པའི་ཚེ་རིང་མཚོ་ལགས་ཀྱིས་སྤྱི་ལོ་༢༠༡༥ལོ་ནས་བཟུང་བོད་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ཏེ་བོད་མི་རྣམས་ལ་དབྱེ་འབྱེད་དང་ཐུབ་ཚོད་གཏོང་གི་ཡོད་པའི་སྐོར་གྱི་གནས་ཚུལ་ཐེར་འདོན་ཐེངས་མང་གནང་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་ཡང་ཐེངས་མང་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།

ད་རེས་ཁོང་ལ་ཕྱིར་བསྐྱོད་ལག་འཁྱེར་མ་རག་པའི་གནས་སྟངས་ཐད་ནས་ཡང་ཁོང་གིས་བརྙན་ཐུང་གཞན་ཞིག་བཏོན་པའི་ནང་། ཁོང་གིས་ཁྲི་ཀ་རྫོང་གི་ཉེན་རྟོག་འགོ་གཙོ་ལ་བརྗོད་རྒྱུར་ང་རང་ཕྱིར་བསྐྱོད་ལག་འཁྱེར་ཞུ་རྒྱུའི་གནད་དོན་འདིའི་སྐོར་ནས་ཁྱེད་རང་གིས་འགན་ཆ་ཚང་འཁུར་དགོས། ང་ནི་ལོ་ན་སོན་ཟིན་པ་ཞིག་ཡིན་པའི་ཁར། ང་རང་གི་ཁ་པར་ཨང་གྲངས་ཡང་གང་སར་ཡོད་པ་མ་ཟད། དེ་རིང་སྔ་དྲོ་ཡང་ཁྱེད་རང་གི་ལས་ཁུངས་ལ་སོང་བ་ཡིན་ལ། ཁ་སང་ཡང་ཧུ་ཤེ་ཉེན་རྟོགས་ཁང་ལ་སོང་ནས་ངའི་གནས་སྟངས་ཆ་ཚང་ཞུས་ཟིན་པ་ཡིན། ངའི་གནས་ཚུལ་ང་རང་ཉིད་ལས་ཁོ་ཚོ་གསལ་བ་ཡིན་ནའང་། ང་ལ་ཐད་ཀར་འབྲེལ་བ་མ་བྱས་པར་ངའི་ནང་མི་ལ་འཇིགས་སྐུལ་དང་བསུན་བཙེར་བཟོ་བཞིན་འདུག་པ་དང་། དེ་སྔོན་ཡང་སྤྱི་ལོ་༢༠༢༣་དང་༢༠༢༤་ལོའི་ནང་ང་འཛིན་བཟུང་བྱས་སྐབས་ངའི་ནང་མི་ལ་ཡང་ཁ་པར་བཏང་ནས་འཇིགས་སྐུལ་དང་བསུན་བཙེར་གཅིག་མཚུངས་བཟོས་ཡོད་པ་རེད།  ངའི་ནང་མིས་ངའི་སྐོར་ཅི་གང་ཡང་ཤེས་ཀྱི་མེད་ལ། གལ་སྲིད་ང་ལ་འབྲེལ་བ་ཐད་ཀར་མ་བྱས་ན་ངས་ངོས་ལེན་རྩ་བ་ནས་མེད། དེ་བཞིན་ད་ལྟ་ངའི་ནང་ལ་ལོ་གྲངས་༨༡་ཅན་གྱི་ཨ་ཕ་རྒན་པོ་ཞིག་ཡོད་པས་གལ་སྲིད་ཁྱེད་ཚོའི་འཇིགས་སྐུལ་དང་བསུན་བཙེར་འོག་གྲོངས་ཡིན་ན་ཁྱེད་ཚོས་འགན་ཆ་ཚང་འཁུར་དགོས་ཞེས་བརྗོད་འདུག

ཚེ་རིང་མཚོ་ལགས་ཀྱི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་མཁན་བོད་ནང་གི་བོད་མི་ཁག་ཅིག་གིས་ཚེ་རིང་མཚོ་ལགས་ཀྱིས་ཁོང་རང་ཉིད་རྒྱ་ནག་གཞུང་གིས་འཛིན་བཟུང་དང་གཅར་རྡུང་བཀག་ཉར་སོགས་དཀའ་སྡུག་ཇི་འདྲ་འཕྲད་མིན་ལ་མ་ལྟོས་པར།  བོད་ནང་གི་བོད་མི་ཚོ་ལ་གཉའ་གནོན་དང་མཐོང་ཆུང་ཁྱད་གསོད། མི་རིགས་དབྱེ་འབྱེད་ལ་སོགས་པ་དཀའ་སྡུག་འཕྲད་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་འཇིགས་ཞུམ་མེད་པའི་སྒོ་ནས་དྲ་ལམ་བརྒྱུད་ནས་ཐེར་འདོན་བྱེད་བཞིན་ཡོད་པ་ལ་བསྟུན། ཁོང་ལ་ཉེས་མིང་བཀལ་ནས་དམིགས་བསལ་ཕྱིར་བསྐྱོད་ལག་འཁྱེར་དེ་སྤྲད་ཀྱི་མེད་པའི་གནས་སྟངས་རེད་ལ།  སྤྱིར་རྒྱ་ནག་གི་མི་སེར་ཞིག་ཡིན་པ་ཆ་ནས་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་ཡིན་པ་ཁྲིམས་ལུགས་ནང་གསལ་པོ་བཀོད་ཡོད་པ་རེད་ཅེས་བརྗོད་སོང་།

ད་ལྟ་རང་ལོ་༣༩་ལ་སོན་པའི་ཚེ་རིང་མཚོ་ལགས་ནི་ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པ་དང་། ཁོང་གིས་ད་ལོ་སྤྱི་ཟླ་༦་པའི་ཚེས་༡༠་ཉིན་བོད་པའི་དགེ་འདུན་སྡེ་ཁག་ཅིག་ལྷ་ས་ནས་ཙ་རིར་གནས་སྐོར་དུ་ཁྲིད་སྐབས་ནག་ཆུ་ས་ཁུལ་གྱི་སྤྲ་ཆེན་རྫོང་གི་ཉེན་རྟོག་པས་ཕྱོགས་བསྐྱོད་ཀྱི་ཆོག་མཆན་ཡིག་ཆ་འདྲ་མིན་དགོས་པ་བརྗོད་དེ་བཀག་འགོག་བྱས་པའི་ཁར། དེའི་ནང་གི་དགེ་འདུན་པ་གཉིས་འཇུ་བཟུང་གི་གནས་ཚུལ་བྱུང་བར་ཚེ་རིང་མཚོ་ལགས་ཀྱིས་རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པར་ཆོག་མཆན་དགོས་ཀྱི་མེད་པ་དང་། བོད་པའི་དགེ་འདུན་པ་རྣམས་ལ་ཆོག་མཆན་དགོས་པའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཡོད་པ་ཐེར་འདོན་དང་འབྲེལ། རྒྱ་ནག་གི་ཁྲིམས་མཐུན་མི་སེར་ཞིག་ཡིན་པའི་ཆ་ནས་བོད་རིགས་ལའང་རྒྱ་རིགས་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་དགོས་པ་སོགས་ཀྱི་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་བྱ་རྒྱུར་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་མྱོང་ཡོད་པ་རེད་ལ། རྗེས་སུ་ཁོང་མོ་གནས་སྡོད་ཡུལ་ཤུལ་སྐྱེ་རྒུ་མདོ་ལ་ཕྱིར་ལོག་གནང་རྗེས་སྤྱི་ཟླ་༦་པའི་ཚེས་༢༩་ཉིན་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་དང་། ཉིན་བཅུའི་རིང་བཀར་ཉར་བྱས་རྗེས་ཟླ་༧་ཚེས་༨་ཉིན་གློད་བཀྲོལ་བཏང་ཡོད་འདུག

Tsering tso 1.jpg

གཞི་རྩའི་ཚེ་རིང་མཚོ་ལགས་ནི་དེ་སྔ་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་སྤྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡ ཉིན་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལ་བརྩི་སྲུང་མ་བྱས་པའི་ཉེས་མིང་འོག་ཉིན་གྲངས་བཅུའི་རིང་བཀག་ཉར་དང་། དེ་བཞིན་སྤྱི་ལོ་༢༠༢༣་ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་དྲ་ལམ་དུ་རྒྱ་གཞུང་དང་ལས་བྱེད་པའི་སྐོར་ལ་གནས་ཚུལ་རྫུན་བསྒྲགས་བྱས་པའི་ཉེས་མིང་འོག་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་སླར་ཡང་ཉིན་གྲངས་བཅོ་ལྔའི་རིང་བཀག་ཉར་དང་གཅར་རྡུང་བྱས་མྱོང་ཡོད་པ་མ་ཟད། སྤྱི་ལོ་༢༠༢༣་ལོའི་ཟླ་ ༡༢ ཚེས་ ༡༩ ཉིན་ཡང་སྦྲ་ཆེན་རྫོང་ཉེན་རྟོག་ཁང་གིས་ཚེ་རིང་མཚོས་སྤྱི་དམངས་དང་དྲ་ལམ་གྱི་སྒྲིག་གཞིར་གཏོར་བརླག་བཏང་ཡོད་ཚུལ་བསྙད་དེ་བཀག་ཉར་བྱས་ཡོད་པ་རེད་འདུག ཚེ་རིང་མཚོ་ལགས་ཐེངས་ལྔ་ཙམ་གྱི་འཇུ་བཟུང་གི་དོན་རྐྱེན་དེ་དག་ཚང་མ་སྔ་རྗེས་ཁོང་རང་གིས་རྒྱ་ནག་འབྲེལ་ཡོད་ས་གནས་དཔོན་རིགས་ཚོས་ཇི་ལྟར་བོད་མི་རིགས་ལ་དབྱེ་འབྱེད་དང་མཐོང་ཆུང་བྱེད་བཞིན་པའི་གནད་དོན་ཁག་ཅིག་བརྙན་སོགས་བརྒྱུད་ནས་ཐེར་འདོན་བྱས་རྗེས་བྱུང་བ་དག་ཡིན་པས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཚེ་རིང་མཚོ་ཡི་བདེ་འཇགས་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་དང་། ཁོ་མོས་འདི་ལྟར་སྙིང་སྟོབས་ཆེན་པོའི་ངང་རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཚོས་དབང་ཆ་ལོག་སྤྱོད་དང་ཁྲིམས་ལུགས་རྡོག་རོལ་བཏང་ནས་རྒྱ་བོད་གཉིས་ཀྱི་དབར་དབྱེ་འབྱེད་སྣ་ཚོགས་བྱེད་བཞིན་ཡོད་པ་བདེན་དཔང་གི་ལམ་ནས་གསལ་བཤད་གནང་ཡོད་པས། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱི་དང་། རྒྱ་ནག་ནང་གི་ཁྲིམས་ལྟར་འགན་སྲུང་དང་། ལྷག་པར་ཚེ་རིང་མཚོའི་དྲང་བདེན་གྱི་ཞུ་འབོད་དང་ལེན་དང་ཁོ་མོའི་བདེ་འཇགས་ཐད་འགན་ཁུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་ད་ལོའི་སྤྱི་ཟླ་དང་པོ་དང་སྤྱི་ཟླ་ལྔ་པ་གཉིས་ཀའི་ནང་གསལ་བསྒྲགས་སྤེལ་ཡོད་པ་རེད།།

གསར་འགོད་པ། ཆོས་སྐྱིད།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎